མཚོ་སྔོན་ཞིང་ཆེན་གྱི་བྱེད་ཐབས་ཉེར་གཉིས་བཏོན་ནས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་།
2023.12.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

ཟླ12པའི་ཚེས29ཉིན། གསར་འགོད་པས་དུས་རབས་གསར་པ། མཚོ་སྔོན་གསར་པ། སྐྱོད་ལམ་གསར་པ་ཞེས་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྟེ་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱི་ཆེད་དོན་ཁྱབ་སྒྲོག་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཆེད། ད་ལོར་རང་ཞིང་གིས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ཉེར་གཉིས་གཏན་འབེབས་བྱས་པ་དང་། དེའི་ནང་ནུས་ལྡན་གྲུབ་འབྲས་མཁོ་འདོན་ལ་ཤུགས་སྣོན་པ་དང་། གྲུབ་འབྲས་ཚུལ་སྒྱུར་སྟེགས་བུ་འཛུགས་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་འདེགས་སྐྱོར་ཞབས་ཞུ་འཐུས་ཚང་དུ་གཏོང་བ། ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་སོགས་སྲིད་ཇུས་བྱེད་ཐབས་ཉེར་གཉིས་འདུ་ཞིང་། ནུས་ཤུགས་ཡོད་རྒུས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

རང་ཞིང་གི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་དོན་དངོས་ལ་ཟུང་འབྲེལ་བྱེད་པ་དང་། རང་ཞིང་གི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་བརྒྱུད་རིམ་ཡོངས་ལ་དམིགས་ཏེ་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་གནས་སྐབས་ལག་བསྟར་བྱེད་ཐབས་འགའ་ཞེས་པ་ཕྱིར་བཏོན་པ་རེད། ཞིང་ཆེན་རིམ་པའི་རང་བྱུང་ཚན་རིག་ཐེབས་རྩའི་ཁེ་ལས་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་འབྲེལ་ཐེབས་རྩ་འཛུགས་རྒྱུ་ཐོག་མར་བཏོན་ནས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་ཁེ་ལས་གཙོ་གཞིའི་ནུས་པ་འབུར་དུ་ཐོན་པར་བྱས་པ་དང་། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་གཞོལ་བར་སྐུལ་སློང་བྱས་ནས། ཁེ་ལས་ཀྱི་འགག་རྩའི་གནད་དོན་དངོས་སུ་ཐག་གཅོད་བྱས། རང་བྱུང་ཚན་རིག་ཞིབ་འཇུག་གི་མུ་འབྲེལ་ལག་རྩལ་བརྗེ་སྤོར་གྱི་ཆེད་ལས་གོ་མིང་ཁ་སྣོན་བྱེད་རྒྱུ་ཐོག་མར་བཏོན་ནས། ལག་རྩལ་བརྗེ་སྤོར་གྱི་འཇོན་མི་གསོ་སྐྱོང་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་རྒྱལ་དབང་ཁེ་ལས་དང་། ལས་དོན་ལས་ཁུངས། སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཁྲོད་དུ་ལག་རྩལ་བརྗེ་སྤོར་དང་ཚུལ་སྒྱུར་བྱ་བ་སྒྲུབ་པའི་ཆེད་ལས་ལག་རྩལ་འཇོན་མི་གོ་མིང་དཔྱད་འདེམ་གྱི་ཁྱབ་ཁོངས་ཁྲོད་བཞག་ནས། ལག་རྩལ་བརྗེ་སྤོར་འཇོན་མིའི་གོ་མིང་རིམ་འཕར་གྱི་ཐབས་ལམ་བཙུགས་ཏེ། ཚན་རྩལ་གྲུབ་འབྲས་བརྗེ་སྤོར་ཚུལ་སྒྱུར་གྱི་ནུས་པ་ཇེ་དྲག་ཏུ་བཏང་། ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དཔེ་སྟོན་རྟེན་གཞི་དང་། ཚོད་ལྟ་རྟེན་གཞི་བསྐྲུན་རྒྱུ་དེ་ཚན་རྩལ་གསར་གཏོད་སྟེགས་བུའི་རྣམ་གྲངས་ཁྲོད་འཇོག་རྒྱུ་ཐོག་མར་བཏོན་ནས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་འདེགས་སྐྱོར་ཞབས་ཞུའི་མ་ལག་འཛུགས་པ་འབུར་དུ་ཐོན་པར་བྱེད་པ་དང་། རང་ཞིང་གི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཚོད་ལྟ་ར་སྤྲོད་ཀྱི་དཀའ་གནད་སེལ་བ། ལས་རིགས་དང་ཁེ་ལས་ཀྱི་རང་ངོས་གསར་གཏོད་ནུས་པ་མཐོ་རུ་བཏང་སྟེ། སྔོན་ཐོན་འོས་འཚམ་གྱི་ཚན་རྩལ་གྲུབ་འབྲས་དེ་ཞིང་ཆེན་ནང་ནས་ཚུལ་སྒྱུར་བརྗེ་སྤོར་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གང་ལེགས་བཏང་།

གྲུབ་འབྲས་ཚུལ་སྒྱུར་ཕྱོགས་ནས། ཀྲུང་གོའི་གསར་གཏོད་འགྲན་སློང་འགྲན་སྡུར་སྐབས་བརྒྱད་པ་མཚོ་སྔོན་ནས་བདེ་ལེགས་ངང་སྤེལ་ཏེ། མཉམ་ལས་རེ་འདུན15བཀོད་པ་དང་། གན་རྒྱའི་མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་བརྒྱད་འབུམ་གཉིས་ལ་སླེབས། རྨ་ཆུའི་བཞུར་ཁོངས་ཀྱི་ཚན་རྩལ་གསར་གཏོད་མནའ་འབྲེལ་གྱི་གྲུབ་འབྲས་ཚུལ་སྒྱུར་བརྗེ་སྤོར་གྱི་འབྲེལ་མཐུད་ཚོགས་འདུ་སྐབས་གཉིས་པ་རྩ་འཛུགས་སྒོས་སྤེལ་ཏེ། འཐབ་ཇུས་མཉམ་ལས་གྲོས་མཐུན7བཀོད་པ་དང་། ལག་རྩལ་མཉམ་ལས་རྣམ་གྲངས8བཀོད་ལ། གན་རྒྱའི་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བདུན་འབུམ་དགུ་ཁྲི་གཅིག་ལ་སླེབས། དེ་ལས་གཞན། ཞིང་ཆེན་ཚན་རྩལ་ཐིན་གྱིས་དངུལ་རྩའི་ལས་ཁུངས16དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་དེ། ཞིང་ཆེན་ཡོངས་ཀྱི་དངུལ་རྩལ་ལས་ཁུངས་ལ་སྐུལ་སློང་བྱས་ཏེ་དངུལ་རྩའི་ཐོན་རྫས་ལ་བརྟེན་ནས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་ལ་རྒྱབ་སྐྱོབ་བྱས། ཡུས་ཧྲུའུ་གྲོང་ཁྱེར་སྡེ་དགུ་སྡེ་བའི་སྟོང་ཝ་དྲུག་ཅུ་རིམ་པའི་ཉི་གློག་ས་ཚིགས་བསྐྱར་གསོ་དང་ཁྱིམ་ཚང་བརྒྱ་དང་བཅུའི་དྲོད་འདོན་སྒྲིག་ཆས་བཅོས་སྒྲིག་དང་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བཅོས་སྒྲིག་རྣམ་གྲངས་ལེགས་འགྲུབ་བྱས་ཏེ། སྡེ་བའི་ཐུན་མོང་ཡོངས་འབབ་འཕར་བར་བྱས་ལ། ས་གནས་དེ་གའི་དགུན་དུས་དྲོད་འདོན་གནད་དོན་ཐག་གཅོད་བྱས་པས། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཚན་རྩལ་གྱི་ཐོབ་སྣང་དང་། སྐྱིད་སྣང་ཇེ་མཐོར་བཏང་།

                                                                                          རིག་འཛིན་སྒྲོལ་མས་བསྒྱུར།