མཚོ་སྔོན་ཡོམ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཡོངས་ཀྱིས་ཡང་བསྐྱར་སློབ་ཁང་དུ་སློབ་ཁྲིད་བྱེད་པ་ཕྱོགས་ཡོངས་ནས་སླར་གསོ་བྱས།
2024.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དང་པོའི་ཚེས་གཉིས་ཉིན། ཅི་ཧྲི་ཧྲན་གྱི་རིམ་པ6.2ཀྱི་ས་ཡོམ་བྱུང་བའི་མཚོ་སྔོན་ཡོམ་ཁུལ་གྱི་དྲ་ཐོག་ནས་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཆུང་འབྲིང་བཅུ་དྲུག་གི་སློབ་མ་ཡོངས་ཡང་བསྐྱར་སློབ་རར་བསྐྱོད་དེ་སློབ་ཁྲིད་བྱེད་འགོ་བརྩམས། དེར་བརྟེན། མཚོ་སྔོན་ཡོམ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སུམ་བརྒྱ་དང་དོན་གཅིག་གི་སློབ་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་དྲུག་སློབ་གྲྭར་སོང་ནས་སློབ་ཁྲིད་བྱེད་པ་མངོན་འགྱུར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡོད་པ་དྲུག་དང་དོན་ཐོག་ཏུ་འཁྱོལ་བ་དྲུག ཕྱོགས་ཡོངས་ནས་སློབ་གྲྭར་སོང་ནས་སློབ་ཁྲིད་བྱེད་པའི་བྱ་བའི་བཀོད་སྒྲིག་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུའུ་དང་མཉམ་དུ་རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། སློབ་གྲྭའི་བདེ་འཇགས་ལ་འགན་སྲུང་ཡོད་པ་དང་སློབ་གསོ་སློབ་ཁྲིད་ལ་འགན་སྲུང་ཡོད་པ། བཅའ་སྡོད་འཚོ་བར་འགན་སྲུང་ཡོད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས། གནོད་ཐེབས་སློབ་གྲྭས་སློབ་གྲྭ་ནས་སློབ་ཁྲིད་བྱེད་པའི་ཚད་མཐའ་ཚད་གཞི་བཅུ་གཏན་འབེབས་བྱས་པར་མ་ཟད། བྱ་བའི་ཚན་ཆུང་བཙུགས་ནས་སློབ་གྲྭ་ནས་སློབ་ཁྲིད་བྱེད་རྩིས་ཡོད་པའི་སློབ་གྲྭར་སོང་ནས་ཡུལ་དངོས་ལྟ་སྐུལ་དང་ཞིབ་དཔྱད་བྱས། ཟླ་དང་པོའི་ཚེས་གཅིག་ཉིན། ཞིང་ཆེན་སློབ་གསོ་ཐིན་གྱིས་འབྲེལ་ཡོད་སློབ་གྲྭའི་དག་ཐེར་ལེགས་བཅོས་བྱ་བར་སྤྱི་སྡོམ་བྱས་པ་དང་། སློབ་ཁྲིད་སྒྲིག་ཆས་ཚད་མི་ལོངས་པའི་སློབ་གྲྭ་རུ་སློབ་ཁྲིད་མི་བྱེད་པ་དང་། འགན་སྲུང་ཆ་རྐྱེན་མི་འདང་བའི་སློབ་གྲྭ་རུ་སློབ་ཁྲིད་མི་བྱེད་པར་བྱས་ནས། གནོད་ཐེབས་ས་ཁུལ་གྱི་སློབ་གྲྭས་དྲ་ཐོག་སློབ་ཁྲིད་ཀྱི་རྣམ་པ་དེ་བདེ་འཇགས་དང་བརྟན་བརླིང་། གོ་རིམ་ལྡན་པའི་ངང་ཡུལ་གནས་སློབ་ཁྲིད་དུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་སྒྲིག་ལམ་སླར་གསོ་བྱེད་པར་རོགས་བྱས།

སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པ་དང་། ས་ཡོམ་གྱིས་དགེ་སློབ་ཚོར་ཐེབས་པའི་གནོད་པ་མེད་པར་བཟོ་ཆེད། ཞིང་ཆེན་སློབ་གསོ་ཐིན་གྱི་དུས་ཚོད་དང་པོའི་ནང་སློབ་གྲྭ་ཆུང་འབྲིང་གི་སེམས་གསོ་ཁ་པར་བཙུགས་ནས། དུས་ཚོད་ཉེར་བཞིའི་རིང་གི་སེམས་གསོ་བློ་འདྲི་དང་ཟུར་ཁྲིད་འདོན་སྤྲོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་སེམས་ཁམས་བདེ་ཐང་སློབ་གསོའི་ཆེད་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་བརྒྱད་རྩ་འཛུགས་བྱས་ནས་སེམས་ཁམས་རོགས་སྐྱོར་བྱ་བའི་ཚན་ཆུང་བཙུགས་ཏེ། གནོད་ཐེབས་ཚད་ཆེ་བའི་སློབ་གྲྭ་རུ་སོང་ནས་སློབ་མར་སེམས་གསོ་བྱས། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་དང་གནོད་ཐེབས་སྡེ་བ་རུ་སྡོད་པའི་ཧྲུའུ་ཅི་དང་པོ་བདམས་ནས་སློབ་མ་ཚོར་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱེད་དུ་བཅུག་པ་དང་། ཉེ་འགྲམ་གྱི་བྱ་བ་དང་ཉེ་འགྲམ་གྱི་མི། དཔེ་གཞི་གསོན་པོ་བརྟེན་ནས་དྲིན་གཟོ་སློབ་གསོ་དང་བདེ་འཇགས་སློབ་གསོ་སྤེལ། ས་ཡོམ་བྱུང་རྗེས། སྤྱི་ཚོགས་ལས་རིགས་སོ་སོས་གནོད་ཐེབས་སློབ་གྲྭ་རོགས་སྐྱོར་ཆེན་པོ་བྱས་པ་དང་། ཀྲུང་གོ་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུའུ་ལ་མ་དངུལ་སྒོར་བྱེ་བ་གཅིག་བྱིན་ནས། གནོད་ཐེབས་སློབ་གྲྭར་ཉེར་མཁོའི་གནོད་སྐྱོབ་དངོས་ཟོག་ཉོ་སྒྲུབ་བྱེད་པ་དང་། བྲེལ་མྱུར་གྱི་དོན་དག་ཐག་གཅོད་པ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཐད་བཀོལ་སྤྱོད་བྱས། སློབ་གསོ་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གིས་དྲ་ཐོག་ནས་སློབ་གསོའི་ཐོན་ཁུངས་མཁོ་འདོན་དང་དྲ་ཐོག་ལས་བྱ་བཀོད་སྒྲིག དྲ་ཐོག་ནས་དོགས་སེལ་དང་ཟུར་ཁྲིད་བྱེད་པ་སོགས་ཕྱོགས་ནས་རྒྱབ་སྐྱོར་དང་རོགས་སྐྱོར་འདོན་སྤྲོད་བྱས། ཞིང་ཆེན་སློབ་གསོ་ཐིན་གྱིས་དཔེ་ཆ་སྟོང་བཞི་ལྔ་བརྒྱ་དང་བརྒྱད་བྱིན་ནས། གནོད་ཐེབས་ས་ཁུལ་གྱི་སློབ་གྲྭས་སློབ་གསོ་སློབ་ཁྲིད་སླར་གསོ་བྱེད་པའི་ཐད་ནས་གནད་ཕིགས་རོགས་སྐྱོར་བྱས།

རིན་ཆེན་མཚོས་བསྒྱུར།