ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་སྐབས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ལུང་བཟང་ཡུལ་ཚོས་མཉམ་འབྲེལ་དྲ་རྒྱའི་བརྙན་ལམ་གྱི་ཐབས་སྤྱད་དེ། སྲིད་ཇུས་ཀྱི་དགོངས་དོན་དེ་རི་མཐོ་ལུང་གཟར་གྱི་སྡེ་བ་རེ་རེའི་ཁྲོད་དུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པའི་ཐབས་ལམ་གསར་བ་ཞིག་བཏོན་ཞིང་། དེ་ལ་བརྟེན་ནས་སྡེ་བའི་ཏང་ཡོན་རྣམས་ལ་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ཤེས་སུ་བཅུག་པ་དང་སྡེ་མི་རྣམས་ལ་དམངས་ཕན་གྱི་སྲིད་ཇུས་སྣ་ཚོགས་དུས་ལྟར་དྲིལ་སྒྲོག་བྱེད་ཀྱིན་མཆིས། ཞིན་ཧེ་རྫོང་ལུང་བཟང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཚེ་ཐར་འབུམ་གྱིས་བཤད་རྒྱུར།
ད་ལོའི་ཟླ་དགུ་པར་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་འགོ་བརྩམས་མ་ཐག་ནས་བཟུང་། ང་ཚོ་ལུང་བཟང་ཡུལ་ཚོས་ཏང་ཡོན་དང་ལས་བྱེད་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་སྟབས་བདེ་བཟོ་ཆེད། མཉམ་འབྲེལ་དྲ་རྒྱའི་བརྙན་ལམ་གྱི་ཐབས་འདི་སྤྱད་ནས། སྡེ་བ་རིམ་པའི་ཏང་ཡོན་དང་ལས་བྱེད་དག་ལ་བརྙན་ལམ་ནས་ཚོགས་འདུ་འཚོགས་ཤིང་། དྲ་ལམ་ནས་སློབ་སྦྱོང་བྱེད་དུ་འཇུག་གིན་ཡོད།
ལུང་བཟང་ཡུལ་ཚོ་གླང་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་བྷེ་ཡིས་རང་གི་མྱོང་བ་གླེང་རྒྱུར།
དེང་སྐབས་ང་ཚོ་ལ་སྟབས་བདེ་ཞིག་བསྐྲུན་ཡོད་པ་ནི། སྡེ་བ་སོ་སོ་རུ་བརྙན་མིག་བཙུགས་ནས། མཉམ་འབྲེལ་དྲ་རྒྱ་ལ་བརྟེན་ནས་ཏང་གི་སྲིད་ཇུས་དགོངས་དོན་སློབ་སྦྱོང་བྱེད་ཐུབ་པ་དང་ཚོགས་འདུ་འཚོགས་ཐུབ་པ་རེད། ཚོགས་འདུ་ཞིག་འཚོགས་པར་མང་ཚོགས་ཡུལ་དངོས་ལ་ཡོང་དགོས་ན། རྫོང་དང་ཡུལ་ཚོའི་བར་དུ་སྤྱི་ལེ་གོ་དྲུག་ཡོད་ལ། སྡེ་བ་དང་ཡུལ་ཚོའི་བར་དུ་སྤྱི་ལེ་སོ་ལྔ་ཡོད་པས། བརྙན་ལམ་ནས་འཚོགས་ཆོག་པ་འདི་ཡིས་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།