【དགུན་དུས་གཞི་རིམ་དུ་བསྐྱོད་པ】གློག་གོའུ་མཉམ་ལས་ཁང་གིས་མང་ཚོགས་ལ་སྒོར་འབུམ་བདུན་བགོ་བཤའ་བརྒྱབ།
2024.01.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཡུལ་ཚོ་གློག་གོའུ་སྡེ་བའི་མ་རྐང་མཉམ་ལས་ཁང་གིས་གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་སྒོར་ས་ཡ་གཉིས་ལྷག་གི་རྣམ་གྲངས་སྤྱད་ནས། འབྲོག་ལས་དང་ཞིང་ལས་གཉིས་ལྡན་གྱི་མ་རྐང་མཉམ་ལས་ཁང་ཞིག་གཉེར་ཞིང་། མཉམ་ལས་ཁང་གི་ནང་དུ་ནོར་ལྔ་བརྒྱ་དང་དྲུག་ཅུ་གསོ་སྤེལ་བྱས་ཏེ། ད་ལོའི་ལོ་ཧྲིལ་བོར་སྒོར་འབུམ་བདུན་ལྷག་གི་ཡོང་འབབ་མང་ཚོགས་ལ་བགོ་བཤའ་བརྒྱབ་པ་མ་ཟད། སྡེ་མི་ཡོངས་ཀྱི་རྒན་གསོ་མ་དངུལ་དང་སྨན་བཅོས་འགན་སྲུང་གི་དངུལ་གཏོང་སྤྲོད་བྱས་པས། མང་ཚོགས་རྣམས་བྲེལ་དཀའ་འཕྲལ་སྒུག་གི་འཚོ་བའི་དཀའ་ངལ་ལས་ཡོངས་སུ་ཐར་ནས། བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་མཆིས།

གློག་གོའུ་སྡེ་བ་ལ་ཁྱིམ་ཚང་ཉིས་བརྒྱ་བཞི་བཅུ་དང་མི་གྲངས་སྟོང་གཅིག་བརྒྱ་དང་དྲུག་ཅུ་ཡོད་ལ། མཉམ་ལས་ཁང་གི་ནང་དུ་ཞུགས་ཚད་བརྒྱ་ཆའི་བརྒྱ་རེད། ཉིས་སྟོང་བཅུ་བདུན་ལོར། ཆེས་ཐོག་མར་མཉམ་ལས་ཁང་འཛུགས་དུས་ཀྱང་མང་ཚོགས་ཀྱི་ལག་ཏུ་མ་རྐང་བསྡུ་ལེན་ཅི་ཡང་མ་བྱས་པར། གོང་རིམ་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་ལས་ཐོན་པའི་མ་དངུལ་གྱིས་ནོར་གནག་ཉོས་ཤིང་། སྡེ་བའི་སྤྱི་ས་དེ་མཉམ་ལས་ཁང་གི་རྩྭ་ས་བྱས་ཏེ། རྩྭ་ས་མུའུ་ཁྲི་གཅིག་གི་སྟེང་དུ་འཚོ་སྐྱོང་བྱེད་ཀྱིན་ཡོད། སྡེ་བའི་ཞིང་ལས་མཉམ་ལས་ཁང་ལ་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་ས་ཡ་དྲུག་ལྷག་བཏང་ཡོད་ལ། ཁོ་ཚོས་ས་ཞིང་གི་སྟེང་དུ་མ་རྨོས་ལོ་ཏོག་དང་ནས། ལོག་དཀར་སོགས་འདེབས་ཀྱིན་ཡོད། མཉམ་ལས་ཁང་གི་འགན་འཛིན་པ་ལྷ་འབྲུག་རྒྱལ་གྱིས་བཤད་རྒྱུར།

གློག་གོའུ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང2017ལོར་བཙུགས། མཉམ་ལས་ཁང་དུ་ཞིང་ལས་མཉམ་ལས་ཁང་དང་ཕྱུགས་ལས་མཉམ་ལས་ཁང་གཉིས་ཡོད། ད་ལྟའི་བར་ལོ་རེར་ཡོང་སྒོ་ཉུང་ཙམ་རེ་བགོ་བཤའ་བརྒྱབ་པ་ཡིན། 2023ལོར་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་གོང་རིམ་ལས་ཁུངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་ཇེ་ཆེར་བཏང་བ་ཡིན། ང་རང་འགན་འཛིན་པ་ཞིག་ཡིན་པའི་ཆ་ནས་ཡོང་སྒོ་སྔར་ལས་མང་པོ་བཙལ་ནས་མང་ཚོགས་ཡིད་ཚིམ་པའི་བགོ་བཤའ་རྒྱག་ཐུབ་པར་ཆོད་སེམས་བརྟན་པོ་ཡོད།

གློག་གོའུ་མཉམ་ལས་ཁང་གིས་སྡེ་བའི་ནང་གི་ན་གཞོན་འཇོན་ཐང་ཅན་དང་ངལ་རྩོལ་ལྷག་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཤིང་། དེ་ལ་བརྟེན་ནས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་འདུག དེའི་སྐོར་ནས་མཉམ་ལས་ཁང་གི་ཚོང་གཉེར་བ་ཇོ་འབུམ་རྒྱལ་གྱིས་བཤད་རྒྱུར།

སྔོན་ཆད་ནང་ལོག་ཏུ་སོང་ནས་ཞོར་ལས་གཉེར་བ་ཡིན། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། རང་སྡེ་བའི་མཉམ་ལས་ཁང་དུ་ལས་གཉེར་བྱེད་ཀྱིན་ཡོད། ད་ལྟ་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོ་བཙལ་ཐུབ་པས་ཧ་ཅང་བཟང་སྙམ།

གློག་གོའུ་མཉམ་ལས་ཁང་གི་ནང་དུ་ཤ་དང་འོ་མ། ཞོ། མར་སོགས་བསྡོམས་པས་ཐོན་རྫས་སྣ་ཉི་ཤུ་ལྷག་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཀྱིན་ཡོད་ལ། ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་དུ་ལྗང་མདོག་ལྷད་མེད་དང་། ཟས་རིགས་བདེ་ཐང་གི་རེ་བ་ལག་བསྟར་ནན་མོ་བྱས་པས། ས་གནས་ཀྱི་འཛད་སྤྱོད་པ་དག་གིས་བསྟོད་བསྔགས་བྱེད་ཀྱིན་འདུག མང་ཚོགས་ལ་མཚོན་ན་ཡོང་འབབ་བགོ་བཤའ་ནི་ཆེས་མཐར་ཐུག་གི་རེ་བ་ཡིན། ད་ལོར་མཉམ་ལས་ཁང་གིས་སྒོར་འབུམ་བདུན་ལྷག་གི་ཡོང་སྒོ་བགོ་བཤའ་བརྒྱབ་ཅིང་། འབྲི་མོའི་འཕེལ་ཐོགས་ཚང་མ་འོས་འཚམ་གྱིས་ཁྱིམ་ཚང་རེར་བགོ་བཤའ་བྱས་པས། ཀུན་གྱི་ཐུགས་ལ་འབབ་ཅིང་ཡིད་སེམས་དྲོ་ནས། ཐོབ་ཚོར་དང་སྐྱིད་སྣང་གིས་ཁེངས་འདུག   ལོ་ན་བདུན་ཅུར་བུད་པའི་སྡེ་བའི་མང་ཚོགས་གསང་རྡོས་བཤད་རྒྱུར།

གློག་གོའུ་སྡེ་བའི་མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ་ཕྱོགས་གང་ཅིའི་ཐད་ནས་བཟང་རྒྱུ་མེད། དེ་ནས་མང་ཚོགས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མཉམ་ལས་ཁང་ལ་སྔོན་དང་མི་འདྲ་བའི་གྲུབ་འབྲས་བཟང་པོ་ཐོབ་ཡོད། སྡེ་བའི་མཉམ་ལས་སྨན་བཅོས་དང་རྒན་གསོའི་མ་དངུལ་མཉམ་ལས་ཁང་གིས་སྤྲོད་བཞིན་ཡོད། གློག་གོའུ་སྡེ་བ་དེ་སྔོན་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། ད་ལྟའི་གློག་གོའུ་སྡེ་བ་ནི་མི་རྣམས་ལ་མིག་དཔེ་སྟོན་པའི་དཔེ་སྟོན་སྡེ་བར་གྱུར་ཡོད།

གློག་གོའུ་སྡེ་བའི་མ་རྐང་མཉམ་ལས་ཁང་གིས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབ་མཐིལ་ཕྱིན་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་པ་མ་ཟད། ཐུན་ཏེ་རྫོང་གི་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་ས་གནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།