2023ལོའི་ཟླ1པོའི་ཚེས5ཉིན། གསར་འགོད་པས་དུས་རབས་གསར་པ། མཚོ་སྔོན་གསར་པ། བསྐྱོད་ལམ་གསར་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མཚོ་བྱང་ཆེད་དོན་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་དང་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པ་དང་། མཚོ་བྱང་མདུན་གྲལ་དུ་བསྐྱོད་པའི་དམིགས་འབེན་ལ་དམ་དུ་དམིགས་ཏེ། མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྣེ་ཁྲིད་དུ་བྱས་ནས། མཚོ་བྱང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པའི་བྱ་བར་མཐོ་རླབས་གསར་བ་དང་། ཐོལ་བརྒལ་ཡོད་པ། ཤུགས་རྐྱེན་ཟབ་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པས། ལོ་ཧྲིལ་བོའི་ཡུལ་སྐོར་མི་ཐེངས་དང་། ཡོང་འབབ་དུས་མཉམ་དུ་འཕར་ནས། ཡུལ་སྐོར་ཡོང་འབབ་སྒོར་ཐེར་འབུམ་གསུམ་མངོན་འགྱུར་བྱུང་བ་རེད།
2023ལོར་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མ་ལག་གིས་ལས་གཞི་སོ་ལྔ་ལག་བསྟར་བྱས་ཤིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བརྒྱད་བཏང་ནས། རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་བཏང་། རིག་གནས་ལུས་རྩལ་དང་ཡུལ་སྐོར་བཅས་ཀྱི་རྣམ་གྲངས་གཙོ་བོ་བརྒྱ་དང་བཅུ་བདུན་འཆར་འགོད་བྱས་ཏེ་མ་དངུལ་སྒོར་ཐེར་འབུམ་ལྔ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་བཏང་ནས། མི་འདང་ས་གསབ་པ་དང་། ཁྱད་ཆོས་མངོན་པར་བྱེད་པ། དགེ་མཚན་སྤེལ་བ་བཅས་ཀྱི་ཐད་རྨང་གཞི་བརྟན་པོ་བཏིངས། འགྲིམ་འགྲུལ་ཡུལ་སྐོར་མཉམ་བསྲེས་ཀྱི་དཔེ་སྟོན་ཁུལ་བསྐྲུན་པ་གོ་སྐབས་སུ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་བཞི་བཏང་ནས་གྲོང་གསེབ་གཞུང་ལམ་ལས་གཞི་ང་བདུན་དང་སྤྱི་ལེ་བཞི་བརྒྱ་ལྷག་ལ་སླེབས་པ་དངོས་འབེབས་བྱས་ཤིང་། མྱུར་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུས་མཉམ་ཡོང་བར་བྱས་ཏེ་ལྗོངས་གཟིགས་སྟེགས་བུ་བཅུ་བཞི་དང་། རླངས་འཁོར་འཇོག་ས་དང་ས་ཚིགས་དོན་དགུ། ཕྱོགས་བསྡུས་ཞབས་ཞུ་ཁུལ་དགུ་བཅས་འཆར་འགོད་ལག་བསྟར་བྱས་ནས། མྱུར་ཤིང་དལ་བའི་ཡུལ་སྐོར་མ་ལག་བསྐྲུན་ཚད་ཇེ་མགྱོགས་སུ་བཏང་།
2023ལོར། ཁུལ་ཡོངས་སུ་རིམ་པ་བཞི་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གཅིག་དང་། རིམ་པ་གསུམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གསུམ། རིམ་པ་གཉིས་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་བཅུ་བཅས་ཁ་སྣོན་བྱས་ཤིང་། རིམ་པ་དང་པོའི་ལྗོངས་ཁུལ་གྱི་ཁ་གྲངས་སྔོན་གྱི་བཅུ་གཅིག་ནས་ཨ་མྱེས་སྟོང་སོ་ལྗོངས་ཁུལ་དང་། རྐང་ཚ་ཙོང་ཉའི་ཁྱིམ་གཞིས་ལྗོངས་ཁུལ་བཅས་གསར་སྣོན་བྱས་ཤིང་། དེ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་ཐོག་མར་གྱུར་པ་མ་ཟད། མིན་ཡོན་གྱི་ལེ་དབར་བརྒྱའི་སྐེ་ཚེ་མེ་ཏོག་ལྗོངས་ཁུལ་དེ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་བསྐྲུན་པའི་མིང་ཐོའི་ཁྲོད་ཚུད་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།