2023ལོའི་ཚུན་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་དབུལ་འགྱུར་བཀག་འགོག་ཐད་ཀྱི་དམ་འཛིན་དྲུག་གི་ལམ་བུ་གསར་བ་འཚོལ་ཞིབ་བྱས་པ་དང་། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་རྐྱེན་སྲོལ་བཙུགས་པར་མ་ཟད་འཐུས་ཚང་དུ་བཏང་སྟེ། ཕྱིར་དབུལ་བོར་འགྱུར་སླ་བའི་མི་གྲངས་སྔ་མོ་ནས་མཐོང་བ་དང་སྔ་མོ་ནས་ཐེ་གཏོགས་བྱེད་པ། སྔ་མོ་ནས་རོགས་སྐྱོར་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱས།
ཁྲི་ཀ་རྫོང་གི་རི་མ་དང་ཆུ་རི་འདྲེས་མའི་ཟིན་ཚད་ཅུང་མཐོ་བ་དང་། དཔལ་འབྱོར་རྨང་གཞི་རྗེས་ལུས་ཡིན་ཞིང་སྤྱི་ཚོགས་འཚར་ལོངས་ཆུ་ཚད་ཅུང་དམའ་ལ། འཕེལ་རྒྱས་ཀྱི་རྨང་གཞི་ཅུང་ཞན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་ལྕི། ཁྱིམ་ཚང་ཁྲི་གཉིས་དང་སྟོང་དྲུག་སོ་བཞི་དང་མི་ཁྲི་དགུ་སྟོང་གསུམ་ཉིས་བརྒྱ་ཉེར་དྲུག་གི་ཕྱོགས་བསྡུས་ཆ་འཕྲིན་གཞི་གྲངས་ལ་ཞིབ་བསྡུར་དང་དབྱེ་ཞིབ་བྱས་པ་བརྒྱུད་དེ། གཞི་གྲངས་དུས་ཐོག་ཏུ་བརྒྱུད་སྤྲོད་མི་བྱེད་པ་དང་སྲིད་ཇུས་ལག་བསྟར་བྱེད་མཚམས་འཇོག་པ། རོགས་སྐྱོར་བྱེད་ཐབས་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་མཐོང་ཐུབ། དེར་བརྟེན། ཁྲི་ཀ་རྫོང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་དམ་འཛིན་བྱེད་པ་དང་རྐྱེན་སྲོལ་འཛུགས་སྐྲུན་དམ་འཛིན་བྱེད་པ། ནུས་པ་མཐོར་འདེགས་དམ་འཛིན་བྱེད་པ། ཉིན་རྒྱུན་གྱི་དོ་དམ་དམ་འཛིན་བྱེད་པ་སོགས་ཀྱི་དྲུག་འཛིན་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད་དེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་མངོན་འགྱུར་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་དབུལ་བོར་འགྱུར་བ་དང་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་མེད་པར་བཟོས་ལ། དབུལ་ཐར་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱས།
ཁྲི་ཀ་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་འགོ་ཁྲིད་ཀྱི་འགན་འཁྲིའི་རྐྱེན་སྲོལ་ལེགས་སྒྲིག་བྱས་པ་དང་། ཆེད་ཚན་ལམ་ལུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བྱ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ལ། རྒྱལ་ཡོངས་ཀྱི་ཕྱིར་དབུལ་བོར་འགྱུར་བ་བཀག་འགོག་བྱེད་པའི་ལྟ་ཞིབ་ཆ་འཕྲིན་མ་ལག་དང་། ཞིང་ཆེན་དང་ཁུལ་གྱིས་བཏོན་པའི་གནད་དོན་གྱི་གཞི་གྲངས་ལ་རྒྱབ་བརྟེན་ནས། དུས་ཐོག་ཏུ་དོགས་གནད་གཞི་གྲངས་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། ཧྲུའུ་ཅི་དང་པོ་སུམ་བརྒྱ་དང་ལྔ་དང་བྱ་བའི་རུ་ཁག་བདམས་ནས་རྫོང་ཡོངས་ཀྱི་དབུལ་ཐར་སྡེ་བ་བརྒྱ་དང་ཉེར་བཞི་དང་སྤྱིར་བཏང་གི་སྡེ་བ། ཡུལ་གཞན་གནས་སྤོར་གཅིག་བསྡུས་བཀོད་སྒྲིག་བྱེད་ས་བཅས་ལ་སོང་ནས། གཙོ་བོར་དབུལ་ཐར་བརྟན་འཇགས་མིན་པའི་ཁྱིམ་ཚང་དང་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་སོགས་ལ་གྲལ་བཤེར་བྱས་པ་དང་། དུས་ཐོག་ཏུ་དབུལ་བོར་འགྱུར་བ་དང་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་ཡོད་པའི་དཀའ་ཁག་ཆེ་བའི་མང་ཚོགས་ལ་གྲལ་བཤེར་གནད་ལ་འཁེལ་བ་བྱས། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་རྐྱེན་སྲོལ་གྱི་ཆ་སྡེབ་ཡིག་ཆ་གཏན་འབེབས་དང་པར་འགྲེམ་བྱས་པ་དང་། དབུལ་བོར་འགྱུར་བའི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་གནད་ལ་འཁེལ་བ་བྱས་པ་དང་། ཆ་འཕྲིན་གཞི་གྲངས་ཡོངས་མཉམ་སྤྱོད་བྱས་ལ། སྡེ་ཁག་དང་ཡུལ་ཚོ། གྲོང་གསེབ་བར་གྱི་ཆ་འཕྲིན་བརྗེ་རེས་དང་ཕན་ཚུན་འགྲོ་འོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་པར་མ་ཟད། ཁྱིམ་ཚང་དུ་སོང་ནས་ཞིབ་དཔྱད་བྱེད་པ་དང་སྡེ་བ་རིམ་པས་དཔྱད་འཇོག་གྲོས་སྡུར་བྱེད་པ། ཡུལ་ཚོ་དང་གྲོང་གསེབ་ཀྱིས་ཞིབ་བཤེར་གཏན་འབེབས་ཐོག་མ་བྱེད་པ། རྫོང་རིམ་པའི་ཞིབ་བཤེར་གཏན་འབེབས་བྱེད་པའི་གོ་རིམ་ལྟར་ཉེན་ཁ་གཙང་སེལ་ངོས་ལེན་བྱས་པ་དང་། ཕྱིར་དབུལ་བོར་འགྱུར་བའི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་། ལོ་ཧྲིལ་བོར་དབུལ་ཐར་ངལ་རྩོལ་པའི་ལས་རྐང་དང་ལས་ཞུགས་བརྟན་འཇགས་བྱེད་པའི་བྱ་བ་རྒྱུན་མཐུད་ངང་སྤེལ་ལ། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་ལས་བྱེད་པའི་ལས་སྒོའི་ནུས་པ་དང་སྲིད་ཇུས་ཆུ་ཚད་མཐོར་འདེགས་བཏང་སྟེ། ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱས་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱས།
རིན་ཆེན་མཚོས་བསྒྱུར།