མཚོ་བྱང་ཁུལ་གྱི་ལས་ཞོར་ལུས་རྩལ་སློབ་གྲྭར་དམིགས་བསལ་གཟི་བརྗིད་མཚན་སྙན་ཐོབ།
2024.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཟླ་དང་པོའི་ཚེས་ལྔ་ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཡོངས་ལུས་རྩལ་ཅུའུ་ཀྲང་ཚོགས་འདུའི་སྟེང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་ཉིས་སྟོང་ཉེར་གསུམ་ལོར་རྒྱལ་ཡོངས་ཀྱི་ལུས་རྩལ་ལས་དོན་ཐད་འབུར་ཐོན་བྱས་རྗེས་བཞག་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། དེའི་ནང་མཚོ་བྱང་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭར་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ལུས་རྩལ་ལས་དོན་གྱི་འབུར་ཐོན་ཐུན་མོང་བྱས་རྗེས་བྱ་དགའ་ཐོབ་ཡོད། དེ་ནི་མཚོ་བྱང་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭར་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་པའི་རྗེས་གྲབས་འཇོན་མིའི་རྟེན་གཞིའི་མཚན་མིང་ཐོབ་རྗེས། ཡང་བསྐྱར་ཐོབ་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་གལ་ཆེན་ཞིག་ཡིན་པ་རེད།

ཉིས་སྟོང་ཉེར་གསུམ་ལོར་མཚོ་བྱང་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་གཞི་རྩའི་ལས་འགན་དུ་བྱས་ཤིང་། ཁྱད་ལྡན་སློབ་སྒྲུབ་དང་འཇོན་མིའི་སློབ་དར། སྙན་གྲགས་ཀྱིས་སློབ་གྲྭ་སྟོབས་ལྡན་དུ་གཏོང་བའི་སློབ་སྒྲུབ་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྩལ་ནུས་ལྡན་པའི་ལུས་རྩལ་གྱི་རྗེས་གྲབས་འཇོན་མི་གསོ་སྐྱོང་བྱེད་པ་གཙོར་བཟུང་བ་དང་། སྤྱི་ཚོགས་ཀྱི་ལུས་རྩལ་འཇོན་གསོ་སྐྱོང་བྱེད་པ་ཞོར་དུ་འཛིན་པའི་སློབ་སྒྲུབ་བསམ་ཕྱོགས་ཀྱིས་ལུས་རྩལ་གྱི་འཇོན་མི་གསོ་སྐྱོང་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས། ལུས་རྩལ་དང་སློབ་ཁྲིད་ཟུང་དུ་འབྲེལ་ནས་ན་གཞོན་གྱི་བདེ་ཐང་ཆུ་ཚད་མཐོར་འདེགས་དང་ན་གཞོན་གྱི་ལུས་རྩལ་རྗེས་གྲབས་འཇོན་མི་གསོ་སྐྱོང་བྱེད་པའི་ལས་འགན་གཉིས་གནད་དུ་བཟུང་སྟེ། གཞི་རིམ་སློབ་གྲྭར་སྦྱོང་བརྡར་འབྲེལ་གཏུག་བྱེད་ས་འཛུགས་སྐྲུན་བྱེད་པ་དང་། ན་གཞོན་གྱི་གདམ་གསེས་དང་གསོ་སྐྱོང་། སྐྱེལ་ལེན་བཅས་མ་ལག་ཆེན་པོ་གསུམ་འཐུས་ཚང་དུ་བཏང་ནས། མཚོ་བྱང་ཁུལ་གྱི་ན་གཞོན་གྱི་ལུས་རྩལ་ལས་དོན་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་།

ན་ནིང་མཚོ་བྱང་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་བྱང་ཁུལ་ཏང་ཨུ། ཁུལ་སྲིད་གཞུང་། གཙོ་གཉེར་ཅུའུ་བཅས་ཀྱི་མགོ་ཁྲིད་འོག་ཏུ། སྔ་གཞུག་ཏུ་རྟ་རྒྱུག་དང་མདའ་འཕེན། ལྒང་ལི་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། རྫོང་ཁག་བཞིའི་སྦྱོང་བརྡར་འབྲེལ་གཏུག་བྱེད་སར་སོང་སྟེ་གདམ་གསེས་སོགས་ཀྱི་བྱ་བ་སྤེལ་ནས། མཚོ་བྱང་ཁུལ་གྱི་རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་འཇོན་མིའི་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པའི་གསོན་ཤུགས་དང་གསར་གཏོད་ནུས་འདོན་སྤྲོད་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།