—མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་རྩྭ་ལས་གཡང་མཛོད་ཀུང་ཟིས་ས་གནས་མང་ཚོགས་ལ་སྒོར་འབུམ་བདུན་གྱི་རོགས་རམ་བྱས་ཤིང་། རྩྭ་འདེབས་ལག་རྩལ་ཕྱོགས་ནས་རྒྱབ་སྐྱོར་བྱས་ཏེ། མི་དམངས་འབྱོར་ཕྱུག་གི་ལམ་དུ་སྐུལ་ཁྲིད་བྱས།
ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་རང་བྱུང་ཆ་རྐྱེན་དང་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། སྤུས་ལེགས་གཟན་རྩྭ་འདེབས་པའི་མ་ལག་འཛུགས་སྐྲུན་བྱས་ཏེ། མིག་སྔར་རྫོང་ཡོངས་སུ་གཟན་རྩྭ་མུའུ་འབུམ་གསུམ་དང་ཁྲི་བཞི་བཏབ་ཡོད། ཀོས་ནན་རྫོང་རྩྭ་ལས་གཡང་མཛོད་ཀུང་ཟིས་ས་གནས་ཀྱི་གཟན་རྩྭའི་ཐོན་ལས་དེ་ཞིང་ཆེན་ཕྱི་ནང་གི་ཁྲོམ་ར་ལ་ཁ་གཏད་ཅིང་། མང་ཚོགས་ཀྱིས་གཟན་རྩྭ་ཕྱིར་འཚོང་བྱེད་དཀའ་བ་དང་། དོ་དམ་གྱིས་མ་འདང་བར་རུལ་བ་སོགས་ཀྱི་གནད་དོན་ཐག་གིས་བཅད་ནས། ཁེ་ལས་དང་མཉམ་ལས་ཁང་། འབྲོག་པ་མང་ཚོགས་བཅས་སུམ་འབྲེལ་གྱི་ཆེད་ལས་རང་བཞིན་གྱི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱས་ནས། ས་གནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན།
ཀོས་ནན་རྫོང་རྩྭ་ལས་གཡང་མཛོད་ཀུང་ཟི་ནི་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་གྲས་ཀྱི་གྲལ་ཡིན་ལ། གཟན་རྩྭ་འདེབས་པ་དང་། ལས་སྣོན། ཕྱིར་འཚོང་བཅས་ཀྱི་བྱ་བ་གཉེར་བཞིན་ཡོད་པ་མ་ཟད། གཟན་རྩྭའི་ས་བོན་གྱི་ཚོད་ལྟ་དང་དཔེ་སྟོན། ཐོན་སྐྱེད། ཁྱབ་རྡལ་དུ་གཏོང་བ། ཁེ་གཉེར་བྱེད་པ་སོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་ཡོད། ཀུང་ཟིའི་སྤྱི་གཉེར་པ་གཞོན་པ་ཡའོ་ལེ་མེན་གྱིས་བཤད་རྒྱུར།
ཀུང་ཟི་འདི་ཀོས་ནན་རྫོང་ནས་གཉེར་ནས་ལོ་བཅུ་འགོར་སོང་། ལོ་བཅུའི་རིང་ལ། ལོ་བཅུའི་རིང་མཐའ་འཁོར་གྱི་འབྲོག་དམངས་ལ་སྣེ་ཁྲིད་བྱས་ཏེ། ཚན་རིག་ལྟར་རྩྭ་འདེབས་པ་དང་། ཕན་ནུས་མཐོ་བའི་རྩ་འདེབས་པའི་ལག་རྩལ་ཁྱབ་གདལ་དུ་བཏང་ནས། ལོ་རེར་རྩྭ་ས་ས་མུའུ་འབུམ་གཅིག་རེ་འདེབས་ཀྱིན་ཡོད། ཀུང་ཟི་རང་གིས་ས་མུའུ་ཁྲི་ལྔ་བཏབ་པ་དང་། ཀུང་ཟི་དང་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་མཉམ་འབྲེལ་བྱས་ཏེ་ས་མུའུ་ཁྲི་ལྔ་བཏབ། གཙོ་བོ་ས་ཞིང་འཁོར་རྒྱུགས་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་པ། རྩ་འབྲུག་དང་ལུད་རྫས་སྟེར་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དཀའ་ཁག་ཅན་གྱི་ཁྱིམ་ཚང་ལ་རོགས་རམ་བྱས་པ་ཡིན། ཡང་མཐའ་འཁོར་གྱི་མི་ཀུང་ཟིའི་ནང་བསྡུས་ནས་ལས་ཀ་བཀོད་སྒྲིག་བྱས་ལ། དེ་ལྟར་བྱས་ན་དཀའ་ཁག་ཅན་ལ་གོ་ཆོད་པ་མ་ཟད་ཡོང་སྒོ་ཡང་བཟང་།
ཀུང་ཟི་འདིས་ཁྱོན་བསྡོམས་ས་མུའུ་ཁྲི་གཅིག་གི་སྟེང་གཟན་རྩྭ་འདེབས་ཀྱིན་འདུག་ལ། གཟན་རྩྭ་འདེབས་པའི་གོ་རིམ་ཁྲོད་དུ། མཐོ་སྒང་ཕྱུགས་ཟོག་གི་བདེ་ཐང་ལ་འཕྲོད་ཅིང་། ས་གནས་ཀྱི་ས་རྒྱུའི་སྐྱེ་སྟོབས་ལ་འཚམ་པའི་གཟན་རྩྭ་སྣ་ཚོགས་འདེབས་ཞོར་དུ། འབྲོག་པ་མང་ཚོགས་ཀྱིས་བཏབ་པའི་ཡུག་རྩྭ་དག་ཀྱང་ཉོ་བསྡུ་བྱས་ནས། ཞིང་ཆེན་ཕྱི་ནང་གི་ཁྲོམ་ར་སྣ་ཚོགས་ལ་གཟན་ཆས་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱིས་དགུན་ཁར་ཁངས་ཆེན་བབས་ནས་ཕྱུགས་ཟོག་ལ་གཟན་ཆས་ཀྱིས་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། ལོ་རེར་འཆར་གཞི་ལྟར་ཕྱིར་ཚོང་བྱེད་ཞོར་དུ་གཟན་ཆས་གང་འཚམ་རེ་གསོག་འཇོག་བྱས་ཏེ། ས་གནས་གང་ལ་གནོད་འཚེ་ཐེབས་ན་དེ་རུ་གཟན་ཆས་འགན་སྲུང་བྱེད་ཀྱིན་འདུག ཀུང་ཟིའི་ལས་བཟོ་པ་འབུམ་མཚོ་སྐྱིད་ཀྱིས་བཤད་རྒྱུར།
ང་ཚོའི་ལས་ཁུངས་ལ་མཚོན་ན་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་བོའི་གྲས་ཡིན། མཐའ་འཁོར་གྱི་མང་ཚོགས་ལ་ཡང་གཟན་ཆས་མང་པོ་འདོན་སྤྲོད་བྱེད་ཀྱིན་ཡོད། མང་ཚོགས་ཀྱིས་རྩྭ་བཏབ་ན་བཙོང་ས་མེད་པའི་ཐད་དཀའ་ཁག་ལ་འཕྲལ་གྱིན་མེད་པར་ཐད་ཀར་ང་ཚོའི་ལས་ཁུངས་སུ་བཙོང་ཆོག སློབ་ཆེན་སློབ་མའི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་བཅད་ཡོད་ལ། སློབ་ཆེན་སློབ་མ་མཐར་ཕྱིན་རྗེས་ཐད་ཀར་གནས་འདིར་ལས་ཞུགས་བྱས་ཆོག
ཀུང་ཟི་འདིས་ལོ་རེར་རྫོང་གི་མཐའ་འཁོར་གྱི་དཀའ་ཁག་ཅན་གྱི་མང་ཚོགས་ལ་སྒོར་འབུམ་བདུན་ཡས་མས་ཀྱིས་རོགས་རམ་བྱེད་ཀྱིན་ཡོད། ཀུང་ཟིའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ས་ཡ་གསུམ་རེད། ཀུང་ཟིས་ཚད་ལྡན་གྱི་ཁེ་ལས་གཉེར་སྟངས་ལ་བརྟེན་ནས་ས་གནས་འབྲོག་པ་མང་ཚོགས་ལ་སྣེ་ཁྲིད་བྱས་པས། ད་ལྟ་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཀྱང་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་འདུག
གསར་འགོད་པ། ཨ་ཁུ་བདེ་མོ།
བསོད་རྡོ། བདེ་མོ།
གསར་འགོད་པ། ཁྱེད་ཚང་གིས་ཀྱང་གནས་འདིར་ཡུག་པོ་བཏབ་ཡོད་དམ།
བསོད་རྡོ། ས་མུའུ་དྲུག་ཅུ་ཙམ་ལ་བཏབ་ཡོད། བཏབ་རྩྭ་ལས་ཁུངས་འདིར་བཙོང་རྗེས། མི་རེའི་ཡོང་སྒོ་སྒོར་སྟོང་གསུམ་ཙམ་ཡོད་ལ། བཙོང་བའི་ཐད་ཀྱང་སེམས་ཁུར་བྱེད་མི་དགོས།
ཀོས་ནན་རྫོང་རྩྭ་ལས་གཡང་མཛོད་ཀུང་ཟིས་ས་གནས་ཀྱི་དགེ་མཚན་བེད་སྤྱད་ནས། ཞིང་ཆེན་ཕྱི་ནང་གི་ཁྲོམ་རའི་གཟན་རྩྭའི་དགོས་མཁོ་བསྐང་ཐུབ་ཀྱིན་ཡོད་པ་མ་ཟད། ཀོས་ནན་རྫོང་གི་འབྲོག་པ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གཟན་རྩྭ་འདེབས་པ་དང་ཚད་ལྡན་གྱིས་ཚོང་གཉེར་བྱེད་པར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་ལ་འཕེལ་རྒྱས་ཀྱི་ལམ་སྣེ་ཁྲིད་ཅིང་། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་འདུག
གཟན་རྩྭ་སྐྱེལ་འདྲེན་བྱེད་བཞིན་པ།
གཟན་རྩྭ་དོ་དམ་བྱེད་བཞིན་པ།
གཟན་རྩྭ་འདེབས་བཞིན་པ།
གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།