【དགུན་དུས་གཞི་རིམ་དུ་བསྐྱོད་པ】ཐུན་ཏེ་རྫོང་གིས་མཁར་གྲོང་སྡོད་དམངས་ཀྱི་དྲོད་འདོན་གནད་དོན་ཐག་བཅད།
2024.01.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་གསུངས་པའི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་དྲོད་འདོན་གནད་དོན་ཐག་གིས་གཅོད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་གི་འགྲོ་གྲོན་བཏང་ནས། སོལ་རླངས་དྲོད་འདོན་གྱི་རྣམ་པ་དག་གཙང་ནུས་ཁུངས་དང་གློག་ནུས་ཀྱིས་དྲོད་འདོན་བྱེད་པའི་ཐབས་སུ་བསྒྱུར་ཞིང་། མཁར་གྲོང་སྡོད་དམངས་ཀྱི་གཞིས་ཁུལ་བཅུ་བདུན་དང་། ཚོང་ར་བཞི། ཡུལ་ཚོ་དང་གྲོང་རྡལ་ལྔའི་སྲིད་གཞུང་དང་སློབ་གྲྭ་སོགས་ལ་ཡོངས་སུ་ཁེབས་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་དགུན་ཁའི་དྲོད་སྐྱེལ་གནད་དོན་ཐག་བཅད།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པར། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་ཐུན་ཏེ་རྫོང་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དྲོད་འདོན་གྱི་དཔེ་སྟོན་རྫོང་དུ་བདམས། ཐུན་ཏེ་རྫོང་གིས་དག་གཙང་ནུས་ཁུངས་དྲོད་འདོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པར་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་ནས། རྫོང་མཁར་གྱི་དྲོད་འདོན་སྦུ་གུ་སྒྱུར་བཀོད་དང་དྲོད་འདོན་ས་ཚིགས་བདུན་གསར་འཛུགས་བྱས་ཏེ་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས། དྲོད་འདོན་སྒྱུར་བཀོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་ཡོད། དེའི་ཁྲོད་རྫོང་མཁར་གྱི་དྲོད་འདོན་ལག་བསྟར་གཞི་ཁྱོན་རྨིད་གྲུ་བཞི་ས་ཡ་གཅིག་དང་ཁྲི་དགུ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྤྱི་པའི་སྒྲིག་ཆས་ཀྱི་གཞི་ཁྱོན་རྨི་གྲུ་བཞི་མ་ཁྲི་བདུན་དང་སྟོང་ལྔ་ཡོད། རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ་ཡི་ལས་བཟོ་པ་འབུམ་ཕྱུག་རྒྱལ་གྱིས་བཤད་རྒྱུར།

ང་ཚོ་ཐུན་ཏེ་རྫོང་གི་དྲོད་འདོན་ལས་གཞི་འདི་ལོ་གསུམ་གྱི་འཆར་གཞི་ལག་བསྟར་བྱས་ཡོད། 2021ལོར་རྫོང་རྙིང་གི་དྲོད་འདོན་སྦུ་གུ་བཅོས་སྒྱུར་བྱས་ཚར་བ་དང་། དྲོད་རླངས་ཀྱི་མ་ལག་རྫོང་དུ་ས་ཚིགས་བདུན་དུ་བཅོས་སྒྱུར་བྱས་ཡོད་པ་དང་། དེ་མིན་ཡུལ་ཚོ་དང་གྲོང་རྡལ་ལྔའི་དྲོད་འདོན་བཅོས་སྒྱུར་བྱས་ཡོད། དེ་སྔོན་རྡོ་སོལ་སྤྱད་དེ་དྲོད་འདོན་བྱས་ན་ཁོར་ཡུག་ལ་སྦག་བཙོག་ཐེབས་ཀྱིན་ཡོད་ལ། ད་ལྟ་གློག་ལ་བསྒྱུར་ན་ཁོར་ཡུག་སྲུང་སྐྱོབ་ལ་ཡང་ཕན་པ་ཆེན་པོ་ཡོད།

ནུས་ཁུངས་གསར་པའི་དྲོན་འདོན་སྒྲིག་ཆས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དེར་ས་གནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་བཟང་དུ་འགྲོ་བ། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་དགེ་མཚན་ཆེན་པོ་ལྡན། གསར་འགོད་པ་ཀླུ་ཐང་གཞིས་ཁུལ་དུ་སོང་ནས། ཐོག་ཁང་ལྔ་པའི་བཞི་ཐོག་གི་སྡོད་དམངས་ཨ་ནེ་ཆོས་རྡོ་དང་ཐོག་ཁང་དགུ་བའི་ལྔ་ཐོག་གི་སྡོད་དམངས་ཨ་ཡེ་མཆོག་སྒྲོན་མཚོ། ཐོག་ཁང་གསུམ་པའི་བཞི་ཐོག་གི་སྡོད་དམངས་ཁྱུང་འབུམ་རྒྱལ་བཅས་ལ་བཅར་འདྲི་བྱས་པ་ན། ཁོ་ཚོས་མགྲིན་གཅིག་ཏུ་བཤད་རྒྱུར།

ཁྱུང་འབུམ་རྒྱལ། 2013ལོ་ནས་གནས་འདིར་བསྡད་པ་ཡིན། ད་ལོ་དྲོད་རླངས་བཏང་བ་ཧ་ཅང་བཟང་།


གསར་འགོད་པ། ཁྱོད་བདེ་མོ།

ཆོས་རྡོ། བདེ་མོ།

གསར་འགོད་པ། ད་ལྟ་གཞིས་ཁུལ་དུ་དྲོད་རླངས་བཏང་བའི་གནས་ཚུལ་ཇི་འདྲ་རེད།

ཆོས་རྡོ། ད་ལོ་ན་ནིང་ལས་ཧ་ཅང་དྲོན་པོ་རེད། ད་ལོ་ལྭ་བ་སྲབ་མོ་གོན་ནས་བསྡད་ཆོག

མཆོག་སྒྲོན་མཚོ། དྲོད་རླངས་ཧ་ཅང་དྲོན་པོ་རེད། ལྭ་བ་སྲབ་མོ་འདི་གོན་ན་ད་རུང་ཧ་ཅང་དྲོན་པོ་རེད།

ཐུན་ཏེ་རྫོང་གིས་དག་གཙང་ནུས་ཁུངས་དྲོད་འདོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས་རྗེས། རྡོ་སོལ་ཏུན་ཁྲི་གསུམ་གྱི་ཚབ་བྱེད་ཐུབ་པ་མ་ཟད། དབྱང་གཉིས་མུ་ཟི་རྫས་དང་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་གི་ཚད་ཇེ་ཉུང་དུ་གཏོང་ཐུབ་པ་དང་། ཐུན་ཏེ་རྫོང་གི་མཁའ་དབུགས་སྤུས་ཚད་དང་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བས། ཐུན་ཏེ་རྫོང་གི་མཁར་གྲོང་སྡོད་དམངས་རྣམས་ཀྱིས་ནམ་མཁའ་དྭངས་ཤིང་ས་གཞི་གཙང་ལ། ལུས་སེམས་དྲོ་བའི་དགུན་གཞུང་རིང་མོ་ཞིག་བདེ་སྐྱིད་ཀྱི་ཀློང་ན་སྐྱེལ་བཞིན་འདུག


གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།