མཚོ་བྱང་ཁུལ་གྱིས་ཆབ་སྲིད་ལྟ་སྐུལ་གྱི་ཕན་འབྲས་མཐོར་འདེགས་བཏང་།
2024.01.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

2023ལོའི་ཟླ9པའི་ཚུན་ལ།     མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ལྟ་སྐུལ་གྱི་ཞིབ་ཕྲ་ཅན་དང་གནད་ཕིགས་ཅན།   རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་ཆེད།   ཞིང་ཆེན་དང་ཁུལ་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་བྱ་བའི་ལས་འགན་གཙོ་བོར་དམིགས་ནས་ཟླ་གཅིག་ལ་གཙོ་གནད་གཅིག་དང་ཟླ་གཅིག་ལ་སྐུལ་འདེད་གཅིག་གི་བྱ་བའི་བྱེད་ཐབས་གཏན་འཁེལ་བྱས་པ་དང་།   ལྟ་སྐུལ་བྱེད་ཐབས་སྣ་མང་སྤྱད་དེ་ཆབ་སྲིད་ལྟ་སྐུལ་ལ་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་།

གྲོང་གསེབ་དར་སྤེལ་དེ་ཆབ་སྲིད་ལྟ་སྐུལ་གྱི་ནང་དོན་གལ་ཆེན་དུ་བྱས་ནས་མཚོ་བྱང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཁང་གཉིས་དང་ཁུལ་ཐད་གཏོགས་བཅའ་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་བརྒྱད་ཀྱིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས།    གསལ་ཁྲ་ཅན་གྱི་ཞིབ་བཤེར་བཅས་ཀྱི་བྱེད་ཐབས་བརྒྱུད་དེ་མཚོ་བྱང་ཁུལ་གྲོང་གསེབ་དར་སྤེལ་ཅུའུ་སོགས་འགན་འཁྲིའི་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མཚོ་བྱང་ཁུལ་གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཕྱུགས་ཅུའུ།   རྩ་འཛུགས་པུའུ།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་སོགས་ཁུལ་ཐད་གཏོགས་སྡེ་ཁག་གཙོ་བོར་ཟབ་ཞུགས་བྱས་ཏེ་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་བྱ་བ་སོ་སོའི་འགན་འཁྲི་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་གསུམ་བྱས་པ་དང་། བསྡོམས་པས་འགན་འཁྲི་དོན་འཁྱོལ་དང་བྱ་བའི་སྤྱོད་ཚུལ།   ལྟ་སྐུལ་དོ་དམ་སོགས་ཕྱོགས་ཀྱི་གནད་དོན་དང་མི་འདང་ས་བཅུ་དྲུག་རྙེད་པ་དང་།    འབྲེལ་ཡོད་གནད་དོན་ཡོད་ཚད་ཡུལ་དངོས་ནས་ཕྱིར་ལྡོག་བྱས་པར་མ་ཟད།    དག་ཐེར་ལེགས་བཅོས་ཀྱི་བླང་བྱ་བཏོན།

ཟླ་གཅིག་ལ་གཙོ་གནད་གཅིག་གི་ཆབ་སྲིད་ལྟ་སྐུལ་ཀྱི་ནང་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་མཚོ་བྱང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་ལྟ་སྐུལ་བྱ་བའི་གོ་རིམ་ཡོངས་སུ་ལག་བསྟར་བྱས་ཏེ་སྒྲིག་འགལ་ཟ་འཐུང་དང་སྒྲིག་འགལ་ངང་གཞུང་གི་རླངས་འཁོར་སྤྱོད་པ།    ཆང་འཐུང་ནས་རླངས་འཁོར་སྐོར་བ་སོགས་ནང་དོན་གཙོ་བོ་གཅིག་བསྡུས་བྱས་པ་དང་།    སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་བཅུ་གཅིག་འཐེན་སྐོང་བྱས་ཏེ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མངོན་ལྐོག་ཞིབ་བཤེར་ཚན་ཆུང་དང་རྫོང་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག    སྤྱི་བདེ་ཉེན་རྟོག་སྡེ་ཁག་བཅས་དང་མཐུན་སྦྱོར་སྒོས་བསྟུད་མར་ཉིན་གཉིས་ལ་མངོན་ལྐོག་ཞིབ་བཤེར་ཐེངས་གཉིས་བྱས་ཏེ་རིགས་སོ་སོའི་རླངས་འཁོར་ཉིས་སྟོང་བདུན་ཅུར་ཞིབ་བཤེར་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།