ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེན་པོ་བཅུ་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་ཀྱིན་ཡོད།
2023ལོར། ཞིང་ཆེན་ཚན་རྩལ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེན་པོ་བཅུ་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་། རྒྱུན་རྣམ་བྱ་བའི་སྐུལ་སྤེལ་རྐྱེན་སྲོལ་བཙུགས་ལ། སྟེགས་བུ་ཆེན་པོ་བཅུའི་ཡུལ་དངོས་རྟོག་ཞིབ་བྱེད་ཤུགས་ཆེར་བཏང་བ་དང་། ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ་གྲོན་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བརྒྱད་བཀོད་སྒྲིག་བྱས་ནས་སྟེགས་བུ་སོ་སོའི་སྐྱེད་སྲིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་ཕྱུགས་དང་གནམ་དཔྱད་ལྟ་ཞིབ། བོད་སྨན། ཚྭ་མཚོ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་སྟེགས་བུ་ཐད་ནས་གྲུབ་འབྲས་གསར་བ་བླངས།
ན་ནིང་། རང་ཞིང་གིས་རྒྱལ་ཁབ་ཀྱི་རྒྱུན་བསྲིང་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ཁྱད་ལྡན་ཐོན་ལས་ཚན་རྩལ་གྲུབ་འབྲས་ངོ་སྤྲོད་ཚོགས་འདུ་སྐབས་དང་པོ་བསྡུས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལོ་མང་སྐྱེས་པའི་རྩྭའི་ས་བོན་རྒྱུད་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས། རྒྱལ་ཁབ་ནོར་གནག་ལག་རྩལ་གསར་གཏོད་ལྟེ་གནས་ཀྱིས་ནོར་གནག་ལྟེ་གནས་ཀྱི་དྲ་ཚིགས་བཙུགས་པར་མ་ཟད་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་བྱས་པ་དང་། ནོར་གནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་དང་རྒྱལ་ནང་གི་ཆེད་མཁས་པའི་ཚོགས་པའི་མི་སྣའི་གསལ་ཁྲ་གཏན་ཁེལ་གསལ་བོ་བྱས།
ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་རྟེན་གཞི་ཚན་རིག་པའི་བྱ་བའི་ས་ཚིགས་དངོས་སུ་བཀོལ་སྤྱོད་བྱས་པ་དང་། ཚན་རིག་ཞིབ་འཇུག་ལས་ཁུངས་བཅུ་གཅིག་གིས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བཏང་ནས་རྒྱང་ཤེལ་ལས་གཞི་བཅུ་གཉིས་ཀྱི་རྒྱང་ཤེལ་ཞེ་གསུམ་ཉོ་སྒྲུབ་བྱས། དེའི་ཁྲོད་རྒྱང་ཤེལ་བཞི་ཚན་རིག་ལྟ་ཞིབ་ཐད་བཀོལ་སྤྱོད་བྱས།
དེང་རབས་བོད་སྨན་གསར་བཟོ་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་། གནས་གསར་བར་སྤར་བ་དང་། འཛུགས་སྐྲུན་གྱི་བསམ་ཕྱོགས་ལེགས་སྒྲིག་བྱས་ལ། ཀྲུང་གོའི་ཀྲུང་སྨན་ཚན་རིག་གླིང་དང་དམག་དོན་ཚན་རིག་གླིང་དམག་དོན་ཞིབ་འཇུག་ཁང་བར་མཉམ་འཛུགས་ཀྱི་ཐུན་མོང་ལྟ་བ་བཙུགས། རྒྱལ་ཁབ་མཐོ་སྒང་ནད་རིགས་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་དེ་མཚོ་སྔོན་གྱིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞིའི་ནང་བཞག་པའི་རྨང་གཞིའི་སྟེང་། ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཚོད་ལྟ་ཁང་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དང་། མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་ཉར་གསོག་མཛོད་གཅིག་འཛུགས་སྐྲུན་བྱས་ལ། མཐོ་སྒང་ས་ཁུལ་གྱི་མཆེད་ནད་རིག་པ་དང་རུ་སྟར་ཞིབ་འཇུག་དངོས་སུ་སྤེལ་བཞིན་པའི་སྒང་རེད།
ནུས་མང་ཁ་གསབ་ལྗང་མདོག་ནུས་གསོག་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་ལ་ཞིང་ཆེན་རིམ་པའི་རིགས་གསར་ཞིབ་སྤེལ་ལས་ཁུངས་ཀྱི་མིང་བཏགས་པ་དང་། ཚན་རྩལ་པུའུ་ཡི་གྲོས་གཞི་ལྟར་དགེ་མཚན་གསར་གཏོད་ཐོན་ཁུངས་ནང་འདྲེན་བྱས་ལ། འཛུགས་སྐྲུན་ཇུས་གཞི་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་ལེགས་བསྒྱུར་བྱས།
ཚྭ་མཚོའི་ཐོན་ཁུངས་ལྗང་མདོག་རིན་མཐོ་བེད་སྤྱོད་གཙོ་གནད་ཚོད་ལྟ་ཁང་གིས་རིག་གཞུང་ཨུ་ཡོན་ལྷན་ཁང་དང་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པར་མ་ཟད། སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཚྭ་མཚོའི་ཤེས་བྱའི་བདག་དབང་གཞི་གྲངས་སྟེགས་བུ་དང་གཞི་གྲངས་མཛོད་དྲ་ཞུགས་བྱས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་དང་། ཞིང་ཆེན་རིམ་པའི་ལག་རྩལ་གསར་གཏོད་ལྟེ་གནས་ལ་ཆོག་མཆན་ཐོབ་པ་དང་། ཀུང་ཟི་དངོས་སུ་ཐོ་འགོད་བྱས་ལ། སྐབས་དང་པོའི་ལས་འཛིན་ལྷན་ཚོགས་དང་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་འཛུགས་པའི་ཚོགས་ཆེན་བསྡུས་ལ། ཚོད་ལྟའི་རྟེན་གཞི་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས།
མདོ་དབུས་མཐོ་སྒང་ས་བོན་ཐོན་ཁུངས་མཛོད་དེ་ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་རྩི་ཤིང་ར་བ་འཛུགས་སྐྲུན་བྱ་བའི་ཁྲོད་ཚུད་པ་དང་། སོན་མཛོད་འཛུགས་སྐྲུན་དེ་ཇུས་གཞི་ཇུས་འགོད་དུས་རིམ་དུ་སླེབས་ལ། རྩི་ཤིང་མཛོད་དང་སྐྱེ་དངོས་ཕྲ་རབ་མཛོད། དྲོད་དམའ་ཉར་གསོག་ཁང་ཇུས་འགོད་བྱས་པར་མ་ཟད་དངོས་སུ་འཛུགས་སྐྲུན་བྱེད་ཀྱིན་ཡོད།
འཛམ་གླིང་ཡོངས་ཀྱི་རླུང་ཁམས་ཆེན་མོའི་གཞི་མཐིལ་དང་མདོ་དབུས་མཐོ་སྒང་གི་གཞི་གྲངས་བེད་སྤྱོད་ལྟེ་གནས་ཀྱིས་ཚན་རྩལ་གསར་གཏོད་སྟེགས་བུའི་རིག་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་འཁྱག་རླུང་ནམ་ཟླའི་གནོད་རྐྱེན་དཔྱད་འཇོག་སྤེལ་ལ། མདོ་དབུས་མཐོ་སྒང་གི་ལོ་མང་ས་འཁྱག་གཏན་འཇགས་རང་བཞིན་ཐད་ཀྱི་དཔྱད་འཇོག་ཡོངས་འགྲུབ་བྱས་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གཞི་གྲངས་ལྟེ་གནས་དེ2023ལོའི་ཟླ་བཅུ་པའི་ཚེས་སོ་གཅིག་ཉིན་ཞིབ་བཤེར་རྩིས་ལེན་བྱས།
རིན་ཆེན་མཚོས་བསྒྱུར།