རེབ་གོང་སྒྱུ་རྩལ་སྲུང་སྐྱོབ་གྲུབ་འབྲས་རྒྱལ་ས་པེ་ཅིང་དུ་འགྲེམ་སྟོན་བྱས།
2024.01.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

མིག་སྔར།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་མིའི་རིགས་ཀྱི་གཟུགས་འདས་ཤུག་བཞག་རིག་གནས་རེབ་གོང་སྒྱུ་རྩལ་སྲུང་སྐྱོབ་ཐད་ཀྱི་གྲུབ་འབྲས་འགྲེམ་སྟོན་དེ་པེ་ཅིང་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་དུ་འགྲེམ་སྟོན་བྱས་པ་དང་།   འགྲེམ་ཡུལ་ཟླ་གཅིག་རེད།

བྱ་འགུལ་ཡུལ་དངོས་སུ།     དེང་རབས་རེབ་གོང་སྒྱུ་རྩལ་པ་རྒན་དར་གཞོན་གསུམ་གྱི་སྤུས་ལེགས་ཐང་ཀ་བདུན་ཅུ་དང་།   འཚེམ་དྲུབ།  འཇིམ་བརྐོས་སོགས་རེབ་གོང་སྒྱུ་རྩལ་བརྩམས་ཆོས་དང་གཟུགས་འདས་ཤུལ་བཞག་རིག་གནས་གསར་སྐྲུན་ཐོན་རྫས་སོགས་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་པ་དང་།     གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་འགའ་ཡིས་ཡུལ་དངོས་ནས་ངོ་མཚར་བའི་སྲོལ་རྒྱུན་རེབ་གོང་ཐང་ཀའི་འབྲི་རྩལ་ངོམས།

རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་མེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།    རེབ་གོང་སྒྱུ་རྩལ་གྱིས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུ།    རྨ་ལྷོ་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་དང་དེང་རབས་ཅན་གྱི་འཛུགས་སྐྲུན་མངོན་འགྱུར་བྱེད་པར་རིག་གནས་ཀྱི་གཅིག་བསྡུས་སྟོབས་ཤུགས་དང་བསམ་པའི་སྐུལ་འདེད་ནུས་པ་སྟོབས་ལྡན་འདོན་སྤྲོད་བྱས།    རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་ནི་ང་ཚོའི་བསམ་པའི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་པ་ཡིན།    རྒྱལ་ས་རུ་ཐེངས་འདིའི་འགྲེམ་སྟོན་སྤེལ་བ་ནི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རིག་གནས་ཀྱི་ངེས་ཤུགས་སྲུང་འཛིན།   རིག་གནས་ཀྱི་འགན་འཁྲི་ཁག་ཁུར་བཅས་བྱས་པ་ཡིན་ལ།   བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་དུ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཇེ་དྲག་ཏུ་བཏང་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།