ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་ཤར་གྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མི་དོན་སྡེ་ཁག་དང་མཉམ་དུ་ལས་མི་བཀོལ་སྤྱོད་ཀྱི་ཁེ་ལས་རྩ་འཛུགས་བྱས་ཏེ། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་དུ་སོང་ནས། ས་ཡོམ་ལ་སྙིང་རྗེ་མེད་རུང་མི་ལ་བརྩེ་བ་ཡོད་པ་དང་ལས་ཞུགས་རོགས་སྐྱོར་གྱིས་མི་སེམས་ལ་དྲོད་ཁོལ་སྦྱིན་ཞེས་པའི་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་ཏེ། གནོད་ཁུལ་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཐོན་སྐྱེད་སྒྲིག་སྲོལ་མགྱོགས་མྱུར་ངང་སླར་གསོ་ཡོང་བར་རོགས་རམ་བྱས།
ཐེངས་འདིའི་གདན་ཞུའི་ཚོགས་འདུ་ནི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མི་དོན་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་དང་། འགན་ནུས་ལེགས་ཆ་བཏོན་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་བྱེད་སྒོ་ཐོག་མ་ཡིན་ལ། དྲ་ཐོག་ལས་གནས་ངོ་སྤྲོད་དང་ཡུལ་དངོས་སྦྲེལ་མཐུད་ཀྱི་རྣམ་པ་གཉིས་མཉམ་དུ་སྤྱད་དེ། ཁྱོན་བསྡོམས་ཁེ་ལས61རྩ་འཛུགས་བྱས་ནས་ཁ་ལོ་པ་དང་། བཀོལ་སྤྱོད་བཟོ་པ། གློག་ལས་བཟོ་པ། སྐམ་འཛིན་བཟོ་པ་སོགས་ལས་རིགས206གི་གདན་ཞུའི་ལས་གནས་ཆིག་སྟོང་ཉིས་བརྒྱ་དང་ལྔ་བསྡུ་རུབ་བྱས། ཡུལ་དངོས་ནས་ལས་ཞུགས་ཆ་འཕྲིན་དང་སྲིད་ཇུས་ཁྱབ་བསྒྲགས་རྒྱུ་ཆ་ལྔ་སྟོང་ལྔ་བརྒྱ་ལྷག་བཀྲམས་པ་དང་། ལས་ཞུགས་འདོད་བློ་ཡོད་པའི་མི་དོན་གཅིག་ལ་སླེབས།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་འཛིན་པས་བསྟན་དོན། རྗེས་ཕྱོགས་མཚོ་ཤར་གྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མི་དོན་སྡེ་ཁག་གིས་ལུགས་རྙིང་ལོ་སར་སྔ་ཕྱིའི་གནོད་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་གཉེར་འཕེལ་ཕྱོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པར་མཛུབ་སྟོན་བྱས་ཏེ། དུས་ལྟར་མཐིལ་རྟོགས་གྲལ་བཤེར་ལེགས་པོ་བྱེད་པ་དང་། གནོད་ཁུལ་མང་ཚོགས་ཀྱི་ལས་གཉེར་དགོས་མཁོར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ། རང་འགུལ་ངང་ལས་མི་བཀོལ་སྤྱོད་ཀྱི་ལས་ཁུངས་ལ་འབྲེལ་བ་བྱས་ནས་ལས་མི་བཀོལ་སྤྱོད་ལས་གནས་ཕྱོགས་བསྡོམས་བྱེད་པ་དང་། རྒུད་གསབ་ལས་སྤྲོད་རྣམ་གྲངས་ཀྱིས་གནོད་ཁུལ་མང་ཚོགས་སྔོན་ལ་ལས་ཞུགས་བྱེད་པར་སྐུལ་མ་གཏོང་བ། མཚོ་ཤར་གྱི་གྲོང་ཁྱེར་དང་རྫོང་གི་ལས་ཞུགས་སྡེ་ཁག་གིས་གནོད་ཐེབས་ཡུལ་ཚོ་དང་གྲོང་རྡལ་ནས་མུ་འབྲེལ་ལས་ཞུགས་ཞབས་ཞུའི་བྱེད་སྒོ་མུ་མཐུད་དུ་རྩ་འཛུགས་བྱས་ཏེ། རྒྱ་ཆེའི་གནོད་ཁུལ་མང་ཚོགས་ལ་རིམ་མང་ཅན་དང་ཕྱོགས་ཡོངས་ཅན། ཁྱོན་ཡོངས་ལ་ཁེབས་པའི་སྲིད་ཇུས་དང་། ལས་གནས། རོགས་སྐྱོར་བཅས་ཀྱི་རྣམ་པའི་སྤྱི་བའི་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས་ནས། གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་གྱི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།