མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་བཏོན་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་གཉེར་ཞབས་ཞུ་མཁོ་འདོན་བྱས།
2024.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་རྒྱུས་ལོན་བྱུང་བ་ལྟར་ན།  ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མི་ཤུགས་ཐོན་ཁུངས་ཚོང་རའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་གཉེར་ཞབས་ཞུའི་གཟར་འཁོར་གྱི་བྱེད་སྒོ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་རྩ་འཛུགས་བྱས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་རྣམ་པ་སྣ་མང་གི་ལས་གཉེར་ཞབས་ཞུ་འདོན་སྤྲོད་བྱས། བྱེད་སྒོའི་སྐབས་སུ་ཞིང་ཆེན་ཡོངས་ནས་ཁྱོན་སྡོམ་རིགས་སོ་སོའི་ཆེད་དོན་མི་བསྡུའི་ཚོགས་ར་བརྒྱད་ཅུ་རྩ་འཛུགས་བྱས་པ་དང་མི་བཀོལ་ལས་ཁུངས847གྱི་ལས་གནས་ཁྲི་གསུམ་དང་སྟོང་དྲུག་ལྷག་འདོན་སྤྲོད་བྱས་པ་དང་། བསམ་ཕྱོགས་དང་མཐུན་པའི་ལས་གཉེར་མི་སྣ་སྟོང་གཅིག་དང་སོ་བདུན་ལ་བུད། ལས་གནས་ངོ་སྤྲོད་དང་ལས་གཉེར་མཛུབ་སྟོན། སྲིད་ཇུས་སྒྲོག་འབྲེལ་ཐེངས88བྱས་པ་དང་སྐུད་ལམ་གྱི་ཐད་གཏོང་ལ་ལྟ་མཁན་མི་གྲངས་འབུམ་གཅིག་ཁྲི་བདུན་ལྷག་ལ་བུད།

བྱེད་སྒོའི་སྐབས་སུ་ཆེད་ལས་ཅན་དང་གཏན་ཁེལ་ཅན། རྣམ་པ་ཆུང་གྲས་ཅན་གྱི་མི་བསྡུའི་བྱེད་སྒོ་སྤེལ་ནས་བརྙན་ལམ་ནས་མི་བསྡུ་བ་དང་ཐད་གཏོང་བྱས་ནས་ལས་གནས་ངོ་སྤྲོད་བྱེད་པ། དྲ་ལམ་ནས་འབྲེལ་མཐུད་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྤེལ། རིགས་སོ་སོའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱི་མ་འོངས་པའི་མི་བསྡུའི་བྱེད་སྒོ་སྤེལ་ནས་གཅིག་བསྡུས་སྒོས་ཁྱབ་སྒྲོག་དང་འགུལ་རྣམ་དོ་དམ། དུས་ཐོག་ཏུ་མི་བསྡུའི་ལས་གནས་ཆ་འཕྲིན་གསར་བརྗེ་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་ལས་གཉེར་བྱེད་སྒོ་སྤེལ་ནས་ཁེ་ལས་ཀྱིས་འཇོན་མི་བསྡུ་བ་དང་མཐར་ཕྱིན་སློབ་མས་ལས་གཉེར་བྱེད་པར་ཉིན་ཧྲིལ་བོར་ཞབས་ཞུ་སྒྲུབ་པའི་སྟེགས་བུ་བསྐྲུན། མཚོ་སྔོན་ཞིང་ཆེན་གྱི2023ལོ་ནས2025ལོའི་མྱུར་མཁོ་འཇོན་མིའི་མིང་ཐོ་དེ་བྱེད་སྒོའི་ཁྲོད་དྲིལ་སྒྲོག་བྱ་ཡུལ་གཙོ་བོར་བཞག་ནས་ལས་གནས་མཁོ་འདོན་སྔར་ལས་རྒྱ་བསྐྱེད།

དེ་ལས་གཞན་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་གཉེར་ཞབས་ཞུའི་འགག་སྒྲོལ་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་སྨྱན་སྦྱོར་སྟེགས་བུ་མང་པོ་བེད་སྤྱད་ནས་རང་རེའི་ཞིང་ཆེན་གྱི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་གཉེར་ལས་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དྲིལ་སྒྲོག་ཤུགས་ཆེན་བྱས་པ་དང་། ཁེ་ལས་ནང་བསྡུ་ལེན་དང་གཞི་རིམ་དུ་ལས་གཉེར་བྱེད་པ། གསོ་སྦྱོང་སོགས་རིགས་བགར་ནས་བཏོན་པ་དང་། སྤྱི་ཚོགས་འགན་སྲུང་གི་རོགས་སྐྱོར་དང་ལས་གཉེར་རོགས་སྐྱོར། མ་དངུལ་རོགས་སྐྱོར་སོགས་མངོན་འགྱུར་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མི་བཀོལ་ཁེ་ལས་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་རོགས་བྱས་ནས་ལས་གཉེར་ལས་སྐྲུན་གྱི་སྲིད་ཇུས་ལ་རྒྱུས་ལོན་བྱས་པ་དང་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་གཉེར་ཡིད་ཆེས་དང་སྤྲོ་སེམས་ཆེར་བསྐྱེད་བྱས།

མི་ཕམ་མགོན་པོས་བསྒྱུར།