མཚོ་སྔོན་ཞིང་ཆེན་གྱིས་ལུགས་རྙིང་ལོ་སར་སྐབས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བ་བཀོད་སྒྲིག་བྱས།
2024.01.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཉེ་ཆར། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་གིས་ལུགས་རྙིང་ལོ་སར་སྔོན་གྱི་གྲོས་མོལ་ཚོགས་འདུ་དང་ལྟ་ཞིབ་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། 2023ལོའི་ནགས་ཚལ་དང་རྩྭ་ས་རུ་ཁྲིམས་འགལ་སྒོས་མེ་བཀོལ་བར་རྡུང་རྡེག་བཏང་བའི་ཆེད་དོན་འགུལ་སྐྱོད་ལ་སྤྱི་བསྡོམས་བྱས་པ་དང་། 2023ལོར་ནགས་ཚལ་དང་རྩྭ་སར་མེ་སྐྱོན་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། 2024ལོའི་ལུགས་རྙིང་ལོ་སར་སྐབས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་རྣམ་པར་དབྱེ་ཞིབ་བརྡར་གཅོད་བྱས་པར་མ་ཟད། ལུགས་རྙིང་ལོ་སར་སྔོན་གྱི་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བར་བཀོད་སྒྲིག་བྱས།

2023ལོར། ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་ཁག་གི་ཐུན་མོང་འབད་བརྩོན་འོག ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་སར་མེ་སྐྱོན་བྱུང་ཚད་ལོ་རྒྱུས་ཐོག་ཆེས་ཉུང་བ་དང་། ནགས་ཚལ་དང་རྩྭ་སར་ཚབས་ཅུང་ཆེ་བའི་མེ་སྐྱོན་བྱུང་མེད་ལ། གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ལས་སླ་མོ་མིན། ལུགས་རྙིང་ལོ་སར་གྱི་སྔ་ཕྱི་ནི་ཤོག་སྦག་འགད་པ་དང་མཆོད་འབུལ་ཐད་མེ་བཀོལ་ཚད་ཧ་ཅང་མཐོ་བའི་དུས་ཡིན་ལ། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་འགོག་པའི་འགག་རྩའི་སྐབས་ཡིན་པས། ཁོངས་གཏོགས་ལས་ཁུངས་ཀྱིས་སྔར་ལྟར་ལས་འགན་ཁ་གསལ་དང་། འགན་འཁྲི་དངོས་འབེབས། བློ་སེམས་གཅིག་སྒྲིལ། ཡུན་རིང་བྱས་རྗེས་འཇོག་པ།  ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་སྟེ། བདེ་འཇགས་རྣམ་པ་རྒྱུན་མཐུད་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུའུ་ཡིས་ལུགས་རྙིང་ལོ་སར་སྔོན་ལ་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བ་སྒྲུབ་པ་ནི་དུས་ཆེན་སྐབས་ཀྱི་མེ་སྐྱོན་གནས་བབ་གཏན་འཇགས་ལ་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ལྟ་ཞིབ་ཚན་ཆུང་གིས་ངེས་པར་དུ་ནན་ཏན་སྒོས་འགན་འཁུར་ཏེ། འགན་འཁྲི་དངོས་འབེབས་བྱེད་པ་དང་། གནད་དོན་ལ་ཞིབ་བཤེར་བྱེད་པ། གནད་དོན་དངོས་ལ་གདོང་གཏད་དེ་རྒྱུ་རྐྱེན་གསལ་པོར་འཚོལ་བ། ལྟ་སྐུལ་མཛུབ་སྟོན་གྱི་བརྒྱུད་རིམ་ཁྲོད་དུ་གནད་དོན་བཙལ་བ་མ་ཟད། གཞི་རིམ་ལ་རོགས་བྱས་ནས་ཐབས་བཀོད་འཐེན་པ་དང་ཐབས་ཇུས་འདོན་པ་དང་།  དཔོན་ཉམས་རིང་ལུགས་ཀྱི་ཁ་བཤད་ཙམ་ལས་ལག་ལེན་མི་བྱེད་པའི་རྣམ་པ་དང་། ཕྱི་ཚུལ་རིང་ལུགས་ཀྱི་ཕྱི་ཉམས་ཙམ་སྟོན་པའི་སྣང་ཚུལ་འགོག་དགོས་ལ། ཁོངས་གཏོགས་ལས་ཁུངས་ཀྱིས་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་བརྡ་འཕྲལ་བསྟུན་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་གྱི་ཉེན་ཁར་གཞིགས་ནས། དགོས་ངེས་ཀྱི་འཕྲལ་བསྟུན་བྱེད་ཐབས་དུས་ལྟར་སྤྱད་དེ། བྱ་བའི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས།

ལྷ་མོ་འཚོས་བསྒྱུར།