གསར་འགོད་པས་ཟླ་དང་པོའི་ཚེས་བཅུ་ཉིན་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས2024ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་འགུལ་གྱི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི2024ལོའི་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་འགུལ་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་མཐོ་རིམ་སློར་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་བ་ཞོར་ལས་པ། དབང་བོ་སྐྱོན་ཅན། དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་སོགས་རིགས་མི་འདྲ་བའི་ལས་ཞུགས་མི་ཚོགས་གཙོ་བོ་གཙིགས་སུ་འཛིན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ལས་ཞུགས་རོགས་སྐྱོར་ཟླ་དང་དཔྱིད་རླུང་འགུལ་སྐྱོད། འཕང་འབྲས་འཐོག་པའི་ངལ་རྩོལ་སྦྲེལ་མཐུད་ཚོགས་འདུ། སློབ་མཐར་ཕྱིན་ཡང་ལས་ཞུགས་མ་བྱས་པའི་མཐོ་རིམ་མཐར་ཕྱིན་སློབ་མའི་ཞབས་ཞུ་མཁྲེགས་གཏོར་འགུལ་སྐྱོད་སོགས་ལས་ཞུགས་ཞབས་ཞུ་སྣ་བཅུའི་ཆེད་དོན་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཉིན་རེ་རེར་མི་བསྡུ་བྱེད་པ་དང་ཟླ་བ་རེ་རེར་གསར་བསྒྱུར་བྱེད་པ། ནམ་ཡང་ཞབས་ཞུ་བྱེད་པའི་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལས་སྐྲུན་ཐད་ནས་སྤུས་འདེགས་ནུས་སྤེལ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
ཇུས་གཞིའི་ནང་། ད་ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཅིག་འདོམས་ལྟ་རྟོག་དང་དུས་བགོས་རིགས་བགར་གྱིས་ཁྱད་ལྡན་མི་བསྡུ་བྱ་འགུལ་སྤེལ་རྒྱུ་རེད། དེའི་ཁྲོད། དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་ཟླས་གཙོ་བོར་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་དང་ལས་ཞུགས་བྱེད་དཀའ་བའི་མི་སྣ། ཕྱིར་ཕ་ཡུལ་དུ་ལོག་པའི་ཞིང་བ་ཞོར་ལས་པ། དབང་བོ་སྐྱོན་ཅན་སོགས་མི་ཚོགས་དང་གཙོ་གནད་ལས་གཞིར་དམིགས་ནས། རང་འགུལ་གྱིས་འཚམས་འདྲི་བྱེད་པ་དང་ལས་ཞུགས་རོགས་སྐྱོར་བྱེད་པ། སྲིད་ཇུས་དྲིལ་སྒྲོག་བྱེད་པ། ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་ལག་བསྟར་བྱེད་པ་བཅས་བྱས་ཏེ་སྦྲེལ་མཐུད་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དམངས་གཉེར་ཁེ་ལས་ཀྱི་མི་བསྡུ་ཟླ་ཡིས་གཙོ་བོར་དམངས་གཉེར་ཁེ་ལས་ཀྱིས་མི་ཚོགས་གཙོ་བོ་བསྡུ་ལེན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཉིན་བརྒྱའི་དྲ་ཐོག་མི་བསྡུའི་ཆེད་དོན་འགུལ་སྐྱོད་གྱིས་རྒྱལ་ཡོངས་གཅིག་གྱུར་དང་ཕྱོགས་མང་མཉམ་འབྲེལ་གྱི་དྲ་ཐོག་མི་བསྡུ་སྟེགས་བུ་འཛུགས་པ་འདྲེན་བྱེད་གཙོ་བོར་བྱེད་པ་དང་། མི་བསྡུ་ལས་འཚོལ་ཞབས་ཞུའི་མ་དཔེ་ལེགས་བསྒྱུར་བྱེད་རྒྱུ་ཡིན་པ་གཏན་ཁེལ་བྱས།
དེ་དང་མཉམ་དུ། ན་གཞོན་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་དམ་དུ་དམིགས་ཏེ། ན་གཞོན་ལས་ཞུགས་ཞབས་ཞུའི་མུ་འབྲེལ་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད། དེའི་ཁྲོད། སློབ་མཐར་ཕྱིན་ཡང་ལས་ཞུགས་མ་བྱས་པའི་མཐོ་རིམ་མཐར་ཕྱིན་སློབ་མའི་ཞབས་ཞུ་མཁྲེགས་གཏོར་འགུལ་སྐྱོད་དང་གྲོང་ཁྱེར་ཆེ་འབྲིང་གིས་མཉམ་འབྲེལ་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆེད་དོན་བྱ་འགུལ། རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཚོང་རའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་གཟའ་འཁོར་བཅས་ཀྱི་བྱ་འགུལ་སྤེལ་ནས། སློབ་མཐར་ཕྱིན་ཡང་ལས་ཞུགས་མ་བྱས་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་ལས་ཤོར་ན་གཞོན། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་ལས་ཞུགས་མ་བྱས་པའི་མཐོ་རིམ་མཐར་ཕྱིན་སློབ་མ། 2025ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ལ་ཁ་ཕྱོགས་ཏེ། སྲིད་ཇུས་ལག་བསྟར་དང་ཁེ་དབང་སྲུང་སྐྱོབ། ལས་ཞུགས་རོགས་སྐྱོར་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུ་འདོན་སྤྲོད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།