མཚོ་སྔོན་གྱིས་ཀུན་ཕན་ཅན་གྱི་རྒན་གསོའི་བྱ་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད།
2024.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཀུན་ཕན་ཅན་གྱི་རྒན་གསོའི་བྱ་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད།

ད་ལོ། ཞིང་ཆེན་ཡོངས་ཀྱིས་རྒན་པར་རོགས་རམ་གྱི་ཞབས་ཞུ་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཞིང་ཆེན་གྱི་གནས་བབ་དང་འབྲེལ་ཞིང་། སྡེ་ཁག་མང་པོ་མཐུན་སྦྱོར་སྒོས་རྒན་པར་རོགས་རམ་གྱི་ཞབས་ཞུ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ།  ས་གནས་སོ་སོའི་ད་ཡོད་ཀྱི་རྒན་པར་རོགས་རམ་གྱི་ཞབས་ཞུའི་གྲུབ་འབྲས་འཕེལ་རྒྱས་བརྟན་པོ་ཡོང་བ་དང་། རོགས་རམ་གྱི་ཞབས་ཞུ་སྤེལ་མེད་སའི་རྒན་པར་རོགས་རམ་གྱི་ཞབས་ཞུ་འདོན་སྤྲོད་གང་ལེགས་བྱེད་དགོས། སྨན་བཅོས་དང་རྒན་གསོ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕན་འཕར་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཐོན་ཁུངས་ལེགས་སྒྲིག་དང་ནུས་སྒྱུར། འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་། བདེ་ཐང་སླར་གསོ། རྒན་གསོ་བཅས་གཞི་གཅིག་ཅན་གྱི་སྨན་གསོ་ཟུང་འབྲེལ་སྒྲིག་གཞིའི་མིག་དཔེ་དང་། རྒན་པའི་གསོ་རིག་ཞབས་ཞུའི་མིག་དཔེ། ཞིང་ཆེན་ཡོངས་ཀྱི་རྒན་པ་གཅིག་འདུས་བདག་སྐྱོང་ཞབས་ཞུའི་མིག་དཔེ་བཅས་བསྐྲུན་དགོས། རྒན་གསོ་སྒྲིག་གཞིའི་ནུས་འཕར་སྤུས་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཞིང་འབྲོག་ཁུལ་གྱི་རྒན་གསོ་སྒྲིག་གཞིའི་ཞབས་ཞུ་ནུས་པ་མཐོར་འདེགས་གཏོང་བ། ཞིང་ཆེན་ཡོངས་ཀྱི་རྒན་གསོ་སྒྲིག་གཞིར་དབྱང་རླུང་བཟོ་བའི་སྒྲིག་ཆས་བཞི་བརྒྱ་སུམ་ཅུ་བཀོད་སྒྲིག་བྱེད་པ་དང་། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་རྒན་གསོ་སྒྲིག་གཞི་ཚང་མར་དབྱང་འདོན་སྒྲིག་ཆས་ཁེབས་པ་མངོན་འགྱུར་བྱུང་ནས། རྒན་པ་རྣམས་ལ་དབྱང་རླུང་ཡོད་པའི་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་དགོས།

ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་འཕེལ་རྒྱས་ཧུར་ཐག་བཏང་ནས། རོགས་སྐྱོབ་དང་རྒན་གསོ་ཟུང་འབྲེལ་གྱི་ནུས་ལྡན་ལམ་བུ་འཚོལ་ཞིབ་དང་། ཞིང་སྡེ་རོགས་རེས་བདེ་སྐྱིད་ཁང་བརྒྱ་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱེད་དགོས། རྒན་པར་གཅེས་སྐྱོང་ཞབས་ཞུའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། དཔལ་འབྱོར་དཀའ་ཁག་ཡོད་པའི་རང་རྐྱ་ཕེར་བའི་ནུས་པ་ཤོར་བ་དང་ནུས་པ་ཕྱེད་ཙམ་ཤོར་བའི་རྒན་པའི་ཁྱིམ་ཚང་རྒན་པར་འཚམ་པ་ཅན་ལ་བསྒྱུར་བཀོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒན་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར། ཁྱིམ་ནས་གློ་བུར་བའི་ཉེན་ཁ་འབྱུང་ཚད་ཇེ་དམར་གཏོང་བ། རྒན་པའི་སྣ་མང་ཅན་དང་རིམ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་བ་དང་། རྒན་པའི་ཁྱིམ་སྡོད་རྒན་གསོ་འཚོ་བའི་སྤུས་ཀ་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་དཀའ་ཁག་ཡོད་པའི་ནུས་ཤོར་རྒན་པའི་ཁྱིམ་ཚང་ཆིག་སྟོང་ལྔ་བརྒྱ་རྒན་པར་འཚམ་པ་ཅན་དུ་བསྒྱུར་བཀོད་བྱེད་དགོས། རྒན་གསོའི་ཤེས་ལྡན་མི་སྣའི་སྤུས་ཀ་དང་གྲངས་ཀ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། མི་དོན་དང་སློབ་གསོ།ནོར་སྲིད་སོགས་སྡེ་ཁག་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྱིམ་སྡོད་བདག་སྐྱོང་མི་སྣ་ཆིག་སྟོང་ལྔ་བརྒྱ་དང་རྒན་གསོ་ནད་གཡོག་པ་དྲུག་བརྒྱའི་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།