མཚོ་སྔོན་གྱིས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་བཏང་ནས་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཞེ་བརྒྱད་ལག་བསྟར་བྱས།
2024.01.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

གསར་འགོད་པས་ཉེ་སྔོན་བསྡུས་པའི་དུས་རབས་གསར་བ། མཚོ་སྔོན་གསར་བ། བཞུད་ལམ་གསར་བ་ཞེས་པའི་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱིས་བསྟུད་མར་རིག་དངོས་སྲུང་སྐྱོབ་དོ་དམ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་རིག་དངོས་སྲུང་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་བཏང་ནས། རྣམ་གྲངས་ཞེ་བརྒྱད་ལག་བསྟར་བྱས་ཤིང་། རིག་དངོས་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་།

གནའ་ཤུལ་ཆེན་མོའི་སྲུང་སྐྱོབ་དང་ཆུ་ཁོལ་བང་སོའི་རྒྱལ་ཁབ་གནའ་ཞིབ་གནའ་ཤུལ་སྤྱི་གླིང་འཛུགས་པར་སྐུལ་འདེད་བཏང་བ་དང་། རིགས་སྣ་ཚོགས་ཀྱི་གནའ་ཞིབ་རྟོག་དཔྱོད་དང་འཚོལ་བཤེར་རྣམ་གྲངས་ཉི་ཤུ་ཡོངས་འགྲུབ་བྱས་ཏེ། གཙོ་བོ་ཡུས་ཧྲུའུ་འདུས་མདོ་ཕུག་པ་དང་ཤར་གཡའ་མ་དཀར་པོ་གནའ་ཤུལ་སོགས་གནའ་ཞིབ་སྔོག་འདོན་རྣམ་གྲངས་བཞི་ལག་བསྟར་བྱས་ནས་དུས་རིམ་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་བླངས་ཡོད། སྤོ་སྒུལ་ཐུབ་པའི་རིག་དངོས་སྲུང་སྐྱོབ་ཞིག་གསོའི་རྣམ་གྲངས་དགུ་ལག་བསྟར་བྱས། རྣམ་པ་སྣ་ཚོགས་པའི་སྤྱི་ཚོགས་སློབ་གསོ་དང་དང་བླངས་པའི་བྱ་འགུལ་སྤེལ་ནས། བསྡོམས་པས་བྱ་འགུལ་གཉིས་སྔོན་ཐོན་དཔེ་གཞིར་བདམས་པ་རེད། སྐོར་ཐེངས་གཉིས་པའི་ཞིང་ཆེན་རིམ་པའི་སྤོ་སྒུལ་མི་ཐུབ་པའི་གསར་བརྗེའི་རིག་དངོས་ལྔ་དང་སྤོ་སྒུལ་ཐུབ་པའི་གསར་བརྗེའི་རིག་དངོས་རེ་གསུམ་ཁྱབ་བསྒྲགས་བྱས། གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གྱི་ལོ་རྒྱུས་རྒྱུ་ཆ་དང་དངོས་པོའི་འཚོལ་སྡུད་དང་སྤྱིའི་སྲུང་སྐྱོབ་ཞིག་གསོ། ཡན་ལག་བཟོ་གྲྭ་དང་པོའི་རྟེན་རྫས་འགྲེམ་སྟོན་རྣམ་གྲངས་ལ་སྐུལ་འདེད་བཏང་། པདྨའི་དམར་དམག་སྡོད་ཁང་གི་ཞིག་གསོ་དང་མདོ་དབུས་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམ་པུའུ་ཡི་གནས་རྙིང་གི་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས། ནུབ་ལམ་དམག་གི་གསར་བརྗེའི་རིག་དངོས་གཅིག་བསྡུས་སྲུང་སྐྱོབ་འཆར་འགོད་སྒྲིག་བཟོ་བྱས། གསེར་དངུལ་ཐང་རྩྭ་ཐང་རྒྱལ་ཁབ་ཀྱི་སྐོར་ཐེངས་དང་པོའི་དམར་པོའི་རྩྭ་ཐང་གི་མིང་ཐོའི་ནང་བཞག་པ་དང་། ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་གཙོ་བོར་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་རིག་དངོས་ཀྱི་འདས་མ་ད་གསུམ་ཞེས་པའི་ཐད་གཏོང་རབ་དང་རིམ་པ་བཏོན་པར་མ་ཟད། ཁུ་ནུའི་རྟེན་རྫས་ཞེས་པའི་མུ་འབྲེལ་ཅན་གྱི་ཆེད་སྒྲིག་གློག་བརྙན་བཏང་སྟེ། མཚོ་སྔོན་རིག་དངོས་ཀྱི་གཏམ་རྒྱུད་བརྗོད་ཡོད།

མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཀའོ་པའོ་ཡིས་བཤད་རྒྱུར། མཚོ་སྔོན་གྱིས་བིས་རྣམ་པར་སྣང་མཛད་དགོན་སོགས་རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་གཙོ་བོ་མ་ལག་ལྡན་པར་ལག་བསྟར་དང་། གནའ་ཤུལ་ཆེན་མོའི་སྲུང་སྐྱོབ་བེད་སྤྱོད་དང་དུར་ལམ་ཆུ་ཁོལ་བང་སོའི་གནའ་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིའི་འཛུགས་སྐྲུན་དང་། རྒྱལ་ཁབ་གནའ་ཞིབ་གནའ་ཤུལ་སྤྱི་གླིང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གཙོ་བོ་རིག་དངོས་གནའ་ཞིབ་ཀྱི་ཞིབ་འཇུག་རྒྱས་བཤད་ལ་ཤུགས་སྣོན་བྱེད་པ་དང་། བསྟུད་མར་གནའ་ཞིབ་ཀྲུང་གོའི་རྣམ་གྲངས་ཆེན་མོར་སྐུལ་འདེད་གཏོང་བ། རྟེན་མཛོད་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པ། རིག་དངོས་ཀྱི་འགྲེམ་སྟོན་གྱི་ཚད་ཇེ་མཐོར་གཏོང་བ། རིག་དངོས་ཁྱབ་ཁོངས་ཀྱི་ཞིབ་འཇུག་སློབ་སྦྱོང་གི་གནས་སྐོར་གྱི་ལམ་ཐིག་བཟང་བོ་གསར་བསྐྲུན་བྱས་ནས་རིག་གནས་ཐོན་རྫས་ཀྱི་གསར་སྤེལ་ལ་ཤུགས་སྣོན་བྱེད་དགོས། དེའི་ཞོར་དུ་གསར་བརྗེའི་རིག་དངོས་ཀྱི་ནང་དོན་ཟབ་མོ་གཏིང་ཟབ་ཏུ་སྔོག་འདོན་བྱས་ནས་དམར་པོའི་གནས་སྐོར་ཚོང་རྟགས་གསར་བསྐྲུན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།