ཟླ་དང་པོའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་དང་ལས་ཤོར། ལས་རྨས་ཉེན་སྲུང་ཁྲོད་ཞུགས་པའི་མི་གྲངས་སོ་སོར་ས་ཡ་བཞི་དང་འབུམ་ལྔ་དང་། འབུམ་དྲུག་དང་ཁྲི་བརྒྱད། ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་བཅས་ལ་སླེབས། རྒན་གསོ་དངུལ་དང་ལས་ཞུགས་ཉེན་སྲུང་དངུལ། ལས་རྨས་ཉེན་སྲུང་ཐོབ་ཐང་ལེགས་སྒྲིག་མཐོར་འདེགས་བཏང་སྟེ། དཀའ་ཁག་ཅན་གྱི་མི་ཚོགས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་ཉེན་སྲུང་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་ལྔ་ཁྲི་བརྒྱད་ཚབ་སྤྲོད་བྱས་པ་དང་། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དགུ་བརྩོན་ལེན་བྱས་ལ། སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་ལྔ་དུང་ཕྱུར་བདུན་བྱིན།
མཚོ་སྔོན་གྱིས་སྤྱི་ཚོགས་འགན་སྲུང་ལམ་ལུགས་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་ཉེན་སྲུང་ལ་རྒྱལ་ཡོངས་ཀྱིས་གཅིག་འདོམས་བྱེད་པ་དང་། མི་སྒེར་གྱི་རྒན་གསོ་ལམ་ལུགས་སོགས་བཅོས་སྒྱུར་བརྟན་བརླིང་ངང་སྤེལ། ཟི་ལིང་མི་སྒེར་གྱི་རྒན་གསོ་མ་དངུལ་ཚོད་ལྟ་བྱེད་ས་ཐོག་མ་ཡིན་པའི་ཆ་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དེའི་ཐད་ནས་ཆེད་དོན་འགྲེལ་བཤད་བྱས་ཏེ། ལས་བྱེད་མི་སྣས་སྲིད་ཇུས་ཀྱི་ཁེ་འབབ་ལ་གོ་བ་ཡང་དག་ལེན་པར་ཁག་ཐེག་བྱས་པ་དང་། ཚོད་ལྟ་བྱེད་སའི་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།