མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ།
2024.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཚོགས་ཆེན་གཉིས་དང་དུས་ཆེན་གཉིས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་སྲིད་འགནཁུར་བློ་མཐུན་གཙོ་བོས་ཧ་ཅང་མཐོང་ཆེན་བྱས་ནས་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་དང་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས། བདེ་འཇགས་ཐོན་སྐྱེད་བྱ་བའི་གྲོས་ཚོགས་བསྡུ་བའི་རྣམ་པ་བརྒྱུད་དེ་མྱུར་དུ་བཀོད་སྒྲིག་བྱས་པ་དང་། རུ་ཁག་ཁྲིད་དེ་གཞི་རིམ་དུ་སོང་ནས་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།

ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ་ཁོངས་གཏོགས་ས་ཁུལ་གྱི་མི་འདུ་རུབ་བྱེད་ས་རུ་སོང་ནས་གྲོང་ཁྱེར་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་ནས་རྙེད་པའི་མེ་འགོག་མེ་གསོད་གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་རྒྱུའི་རེ་བ་བཏོན་ནས། མེ་འགོག་མེ་གསོད་བདེ་འཇགས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འཕྲལ་བསྟུན་དང་མེ་འགོག་མེ་གསོད་སོགས་སྡེ་ཁག་ཁྲིད་དེ་ལས་གཞི་གཙོ་བོ་དང་ཁེ་ལས་གཙོ་བོར་སོང་ནས་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་བར་མ་ཟད། མཚོ་ཤར་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་ལྐོག་བཤེར་བྱས། གནོད་འཚེའི་རྗེས་ཀྱི་གནས་སྐབས་བར་བརྒལ་བྱེད་སའི་བདེ་འཇགས་འགོག་ཟོན་ལ་ཆེད་དུ་བཀོད་སྒྲིག་བྱས་པ་དང་། ཆེད་སྤྱོད་མ་དངུལ་བཏང་ནས་བར་བརྒལ་བྱེད་སའི་ཁང་བའི་ནང་དུ་ཞག་ཉེན་བརྡ་ཡོ་ཆས་བཀོད་སྒྲིག་བྱས་ལ། གནོད་ཐེབས་ཁུལ་གྱི་བར་བརྒལ་བྱེད་སའི་མེ་འགོག་མེ་གསོད་ཉེན་ཁར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་དང་ལྐོག་བཤེར་གྱི་རྣམ་པ་བརྒྱུད་དེ་ཡོངས་སུ་ཁེབས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་སོ་སོས་སྣེ་ཁྲིད་དེ་རྫོང་སོ་སོར་སོང་ནས་ཁྱབ་ཁོངས་སོ་སོའི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཀྱང་རུ་ཁག་ཁྲིད་དེ་ཡུལ་དངོས་སུ་སོང་ནས་ཁོངས་གཏོགས་ས་ཁུལ་དུ་ལྟ་སྐུལ་མཛུབ་སྟོན་དང་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་བྱས།

སྡེ་ཁག་སོ་སོས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལྟར་སོ་སོར་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཙུགས་ནས་ལས་བགོས་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་སྟོན་བྱས། ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་དམངས་སྒྲུབ་སློབ་གྲྭ་དང་བཅའ་སྡོད་སློབ་གྲྭ མཐའ་འཁོར་ས་ཁུལ་གྱི་གཞི་ཁྱོན་ཆུང་བའི་སློབ་གྲྭར་ཁ་གཏད་དེ་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། གཙོ་བོར་སློབ་རའི་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་ཐོག་ཁང་། དཔེ་མཛོད་ཁང་། ཇ་ཁང་། ཚོད་ལྟ་ཁང་། ལུས་རྩལ་ཁང་སོགས་ཁུལ་ཁོངས་ལ་དམིགས་ནས་ཞིབ་བཤེར་བྱས། ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་ལུགས་རྙིང་ལོ་སར་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་གཙོ་གནད་ལ་དམིགས་ནས། འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་བྱས་པ་དང་། རྐང་འཛིན་མི་སྣ་འཐེན་སྐོང་བྱས་ནས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཞི་བཙུགས་ཏེ། རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས། མྱུར་བགྲོད་གཞུང་ལམ་སོགས་གཙོ་གནད་ཡུལ་དངོས་དང་གཞུང་ལམ་ཁར་སོང་ནས། ལོ་སར་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་སྟོན་བྱས། ཞིང་ཆེན་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འགན་ཁུར་མི་སྣས་འགོ་ཁྲིད་དེ། སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཉེན་ཁ་དང་ལམ་ངོས་འགོག་སྡོམ་བྱ་བའི་ཐད་ནས་སྐབས་བསྟུན་ལྟ་སྐུལ་དང་ཞིབ་བཤེར་སྤེལ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཞི་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སོལ་རླངས་དང་འཛུགས་སྐྲུན་ཡུལ་དངོས་ཀྱི་བདེ་འཇགས་ཐད་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། མིག་སྔར་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དགུ་བཙུགས་ནས་གྲོང་ཁྱེར་དང་ཁུལ་སོ་སོར་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཡུལ་གནས་གཙོ་བོ་འབུར་དུ་ཐོན་པར་བྱས་ཏེ། ཁེ་ལས་དགུ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ཉེན་ཁ་ཡོངས་རྫོགས་ཡུལ་དངོས་ནས་དག་ཐེར་ལེགས་བཅོས་བྱེད་རྒྱུའི་སྐུལ་འདེད་བཏང་། ཞིང་ཆེན་ཆུ་བེད་ཐིན་གྱི་འགན་ཁུར་བློ་མཐུན་གཙོ་བོས་རུ་ཁག་ཁྲིད་དེ་ལྐོག་བཤེར་དང་མི་བྱེད་པ་བཞི་དང་ཐད་ཀར་གཉིས་སོགས་ཀྱི་རྣམ་པ་སྤྱད་དེ། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། མཚོ་བྱང་ཁུལ།  ཐིན་བཅས་ཀྱིས་ཐད་ཀར་དོ་དམ་བྱེད་པའི་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་བེད་ལས་གཞི་བརྒྱ་དང་སོ་བརྒྱད་ལ་ཡུལ་དངོས་ལྟ་སྐུལ་དང་ཞིབ་བཤེར་བྱས། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་ཐིན་གྱིས་ཕྱོགས་བསྡུས་ལྟ་སྐུལ་ཚན་ཆུང་གཅིག་དང་མངོན་ཞིབ་ལྐོག་བཤེར་ཚན་ཆུང་དྲུག་བཙུགས་པ་དང་། འབྲེལ་ཡོད་ཐིན་དང་ཅུའུ་ཡི་འགོ་ཁྲིད་འཐེན་སྐོང་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་སོང་ནས་ཁྱབ་ཁོངས་སོ་སོ་རུ་ཕྱོགས་བསྡུས་ལྟ་སྐུལ་དང་མངོན་ཞིབ་ལྐོག་བཤེར་བྱས་པ་དང་། བསྡོམས་པས་ཁེ་ལས་དང་སྡེ་ཁག་བརྒྱ་དང་ཉེར་བཞི་ལ་ཞིབ་བཤེར་བྱས་ཏེ། རིགས་མི་འདྲ་བའི་གནད་དོན་དང་ཉེན་ཁ་བཞི་བརྒྱ་དང་ལྔ་བཅུ་རྙེད་པ་དང་། ལས་རིགས་སྡེ་ཁག་བཅོ་བརྒྱད་ལ་ལྟ་སྒྲུབ་ཡི་གེ་བསྐུར་ནས། སྡེ་ཁག་སོ་སོས་སྡེ་ཁག་གི་བདེ་འཇགས་ལྟ་སྐུལ་དང་དོ་དམ་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་བྱས་ནས། གོང་ནས་འོག་དང་ཞིང་ཆེན་ཡོངས་ལ་ཁེབས་པའི་ཞིབ་བཤེར་ཆེན་པོ་དང་ལྟ་སྐུལ་ཆེན་པོའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཁེ་ལས་ཁྲི་གཉིས་དང་སྟོང་བརྒྱད་བཞི་བརྒྱ་བདུན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

རིན་ཆེན་མཚོས་བསྒྱུར།