མཚོ་སྔོན་གྱིས་འགྲིམ་འགྲུལ་དང་འབྲེལ་བའི་སྣ་མང་ཐོན་ལས་འཕེལ་རྒྱས་རྒྱུན་མ་ཆད་པར་རྒྱ་བསྐྱེད།
2024.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི2024ལོའི་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ནས། འགྲིམ་འགྲུལ་དང་འབྲེལ་བའི་སྣ་མང་ཐོན་ལས་རྒྱུན་མ་ཆད་པར་རྒྱ་བསྐྱེད། ད་ལོར། སྣ་མང་འཕེལ་རྒྱས་ཀྱི་ཕན་འབྲས་མྱུར་དུ་ཆེར་བསྐྱེད་པའི་ཐད་ཤུགས་འདོན་པ་དང་། གཞུང་ལམ་དཔལ་འབྱོར་ཐོན་ཁུངས་ཀྱི་སྟེགས་བུ་ཆེན་པོར་རྒྱབ་བརྟེན་ནས། འགྲིམ་འགྲུལ་དང་འབྲེལ་བའི་རིག་གནས་ཡུལ་སྐོར་དང་ནུས་ཁུངས། དངོས་སྐྱེལ། བཀར་འཇུག དངོས་ཟོག དངུལ་རྩ་སོགས་སྣ་མང་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་རྒྱུ་རེད།

2023ལོར། མྱུར་བགྲོད་གཞུང་ལམ་གྱི་དག་གཙང་ནུས་ཁུངས་གཞི་གཅིག་ཅན་གྱི་སྤྱིའི་འཆར་འགོད་དང་འགྲིམ་ནུས་མཉམ་བསྲེས་ཚོད་ལྟའི་ལས་གཞི་ལ་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་པ་དང་། ཧན་ཀྲོང་ཞབས་ཞུ་ཁུལ་མཐོ་སྒང་ཁྱད་ལྡན་ལུས་རྩལ་བརྗོད་དོན་དང་ཉི་ཟླ་རི་བོའི་ཞབས་ཞུ་ཁུལ་ནུབ་བྱང་སྐོར་སྐྱོད་འཁོར་ལམ་རིག་གནས་གསར་རྩོམ་གྱི་ཁྱད་ཆོས་གསར་སྐྲུན་བྱས་ལ། གུང་ཧོའི་ཐཱན་མེད་ཞབས་ཞུའི་ཁུལ་མྱུར་དུ་འཛུགས་སྐྲུན་བྱས། བཟོ་སྐྲུན་འཛུགས་སྐྲུན་གྱི་འཛུགས་ཞོར་དུ་ལྗང་སྒྱུར་བྱས་པ་དང་། ཡུན་རིང་དང་གནས་སྐབས་ཟུང་འབྲེལ་བྱས་ལ། ཟི་ལིང་དངུལ་བསྡུ་ས་ཚུགས་ནུབ་མ་སོགས་ས་ཚུགས་བདུན་གྱི་བཙོག་འདོན་སྒྲིག་ཆས་སྒྱུར་བཀོད་བཟོ་སྐྲུན་ཡོངས་འགྲུབ་བྱས་ཏེ། མྱུར་བགྲོད་གཞུང་ལམ་གྱི་རྨང་གཞི་སྒྲིག་ཆས་སྔར་ལས་ཇེ་བཟང་དུ་བཏང་།

ད་ལོར་ལྗོངས་རྒྱུ་ཁུལ་གྲགས་ཅན་གྱི་སྔོན་ཐོན་ཉམས་མྱོང་ཚད་གཞིར་བཟུང་ནས། མཚོ་སྔོན་པོའི་ཡུལ་སྐོར་དམིགས་བསལ་ཚོང་གཉེར་ཐོན་ཁུངས་དེ་རྒྱུ་ནོར་གྱི་དགེ་མཚན་དུ་བསྒྱུར་བ་དང་། ཚོང་རའི་འགྲན་རྩོད་ཀྱི་དགེ་མཚན་མཐོར་འདེགས་གཏོང་བ། ཡུལ་སྐོར་གཞུང་ལམ་འཕྲེད་གཞུང་ཟུང་འབྲེལ་དང་ལྗོངས་རྒྱུ་ཁུལ་གྱི་བརྗོད་དོན་ཟུང་འབྲེལ་བྱེད་པ། ལས་རྣམ་སྣ་མང་གི་ཁོངས་ཡོངས་ཡུལ་སྐོར་གྱི་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། མྱུར་བགྲོད་ལམ་དྲའི་ཡུལ་སྐོར་བརྗེ་སྤོར་དུས་མཚམས་བཀོད་སྒྲིག་བྱེད་པ་དང་། ཡུལ་སྐོར་ཞབས་ཞུ་རྒྱུན་བསྲིང་བ། མིན་ཡོན་གྱི་ལོག་དཀར་མེ་ཏོག་དང་མཁར་དམར། ཉི་ཟླ་རི་བོ། མཚོ་ནུབ་ཀྱི་ཁྱད་ལྡན་ཞབས་ཞུ་ཁུལ་དང་འབྲེལ་བའི་ཐོན་ལས་ཀྱི་གསར་སྤེལ་ཚོང་གཉེར་བཟང་བོར་སྒྲུབ་ནས། འདུག་སྡོད་བཟའ་བཏུང་དང་ཡུལ་སྐོར། ཉོ་ཚོང་། རྩེད་འཇོ་བཅས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་ཡུལ་སྐོར་ཞབས་ཞུ་འཐུས་ཚང་དུ་གཏོང་རྒྱུ་རེད། དེ་དང་མཉམ་དུ། མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་འོད་གསོག་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཞབས་ཞུ་ཁུལ་དང་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་གློག་གསོག་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གློག་གསོག་ས་དོན་བཞི་དང་གུང་ཧོའི་ཐཱན་དམའ་ཞབས་ཞུ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ལམ་དྲའི་ཐོན་ཁུངས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་པ་དང་། རྡོ་ཟེགས་སྔོག་འདོན་དང་བཟོ་སྐྲུན་རྒྱུ་ཆས་དངོས་ཟོག་མཁོ་འདོན་གཅིག་བསྡུས་ཅན་དང་གཞི་ཁྱོན་ཅན། ཕན་འབྲས་རྒྱ་སྐྱེད་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།