མཚོ་བྱང་ཁུལ་གྱིས་ལྔ་དྲུག་བརྒྱད་ལྔའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་འགག་སྒོ་བརྟན་སྲུང་བྱས།
2024.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས10ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལུགས་རྙིང་ལོ་སར་སྐབས་སུ་མང་ཚོགས་ཀྱིས་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་པའི་བྱ་བའི་བཀོད་སྒྲིག་ལྟར། མཚོ་བྱང་ཁུལ་གྱིས་ལོ་མཇུག་ལོ་སར་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་འགོག་ཟོན་བྱེད་པར་དམ་དུ་དམིགས་ནས། ལྔ་དྲུག་བརྒྱད་ལྔའི་བྱ་བའི་རྐྱེན་སྲོལ་གཏན་འབེབས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ཉེན་ཁ་བཀག་འགོག་བྱས་པ་དང་ཉེན་ཁ་སེལ་ལ། བདེ་འཇགས་ལ་འགན་སྲུང་བྱས་ཏེ། ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་འགག་སྒོ་བརྟན་སྲུང་བྱས།

ཉིན་བརྒྱའི་མཁྲེགས་གཏོར་ལྔ་སྤེལ་ནས། བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་། བགྲོད་ལམ་འགྲིམ་འགྲུལ་དང་ཡུལ་གནས་ཆུང་བ་དགུ་ཡི་མེ་འགོག་མེ་གསོད་བདེ་འཇགས། ཉེན་ཁའི་རྫས་འགྱུར་ཐོན་རྫས། གྲོང་གསེབ་ཀྱི་སོལ་རླངས། ནགས་ཚལ་རྩྭ་སའི་མེ་གསོད་མེ་འགོག་བཅས་ཀྱི་ལས་རིགས་ལྔའི་ཁྱབ་ཁོངས་གཙོར་བཟུང་ནས། དུས་ཡུན་ཟླ་གསུམ་རིང་གི་བདེ་འཇགས་བཅོས་སྐྱོང་གི་ཉིན་བརྒྱའི་མཁྲེགས་གཏོར་བྱ་བ་སྤེལ་བ་དང་། གཅིག་བསྡུས་སྒོས་བཅོས་སྐྱོང་བྱ་བ་སྤེལ་ལ། ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ཚུལ་སྐོར་ཞིག་རྩད་གཅོད་བྱས་པ་དང་རྙོག་འཛིང་གི་སྣང་ཚུལ་སྐོར་ཞིག་བཅོས་སྐྱོང་བྱས་ལ། བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ལོ་ཧྲིལ་བོའི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ནས་འགོ་བཟང་བོ་བརྩམས་པ་དང་གོམ་སྟབས་བཟང་བོ་བསྒྱུར།

གྲལ་བཤེར་བཅོས་སྐྱོང་དྲུག་ལ་སྐུལ་འདེད་བཏང་ནས། ཉེན་ཁ་མེད་པར་བཟོས། ཉིན་རྒྱུན་གྱི་ཉེན་ཁ་བཅོས་སྐྱོང་བྱེད་མི་ཐུབ་སར་དམིགས་ནས། སློབ་གྲྭ་དང་གསོ་སྦྱོང་ལས་ཁུངས་ཀྱི་བདེ་འཇགས་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་ཡོངས་སུ་ཁེབས་པར་བྱས་པ་དང་། སྨན་ཁང་དང་རྒན་གསོ་ཁང་། བྱིས་པའི་ཕན་བདེ་གླིང་། ཉིན་མོའི་གཟིགས་སྐྱོང་ལྟེ་གནས་སོགས་མི་སྣ་འདུ་རུབ་བྱེད་སའི་བདེ་འཇགས་ཉེན་ཁ་གྲལ་བཤེར་ཡོངས་སུ་ཁེབས་པར་བྱས་ལ། ཤོག་སྦག་བདག་གཉེར་ཉོ་ཚོང་དང་སྐྱེལ་འདྲེན་དུས་རིམ་གྱི་བདེ་འཇགས་གྲལ་བཤེར་བཅོས་སྐྱོང་ཡོངས་སུ་ཁེབས་པར་བྱས་པ་དང་། རྡོ་སོལ་གཏེར་ཁུངས་དང་རྡོ་སོལ་མིན་པའི་གཏེར་ཁུངས། གཏེར་སྙིགས་མཛོད་ཀྱི་བདེ་འཇགས་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་ཡོངས་སུ་ཁེབས་པར་བྱས་ལ། ཆོས་ལུགས་བྱེད་སྒོའི་ཡུལ་གནས་ཀྱི་བདེ་འཇགས་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་ཡོངས་སུ་ཁེབས་པར་བྱས་པ་དང་། བྱ་འགུལ་ཆེན་པོའི་མཆན་འགོད་དང་བདེ་འཇགས་འགོག་ཟོན་བྱེད་ཐབས། འཕྲལ་བསྟུན་ཇུས་གཞིའི་སྙན་སེང་འགོད་པ་སོགས་བདེ་འཇགས་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་དྲུག་ཡོངས་སུ་ཁེབས་པར་བྱས་ནས། རིགས་མི་འདྲ་བའི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་འབྱུང་བར་འགོག་ཟོན་བྱས།

ཆེད་དོན་འགུལ་སྐྱོད་བརྒྱད་གཏིང་ཟབ་ཏུ་སྤེལ་ནས། བདེ་འཇགས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་། རྒྱལ་ནང་གི་རིགས་མི་འདྲ་བའི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་བྱས་པ་དང་། གཅིག་ཤེས་ཀུན་གྲོལ་བྱས་ཤིང་། གྲོང་གསེབ་ཀྱི་སོལ་རླངས་དང་ཡུལ་སྐོར། དམིགས་བསལ་སྒྲིག་ཆས། བཟོ་སྐྲུན་འཛུགས་སྐྲུན། བགྲོད་ལམ་འགྲིམ་འགྲུལ། བཟོ་གཏེར་ཉོ་ཚོང་། སློབ་རའི་བདེ་འཇགས། ས་གཤིས་གནོད་འཚེ་སོགས་ལས་རིགས་གཙོ་བོ་བརྒྱད་ཀྱི་ཉེན་ཁར་ཆེད་དོན་གྲལ་བཤེར་བཅོས་སྐྱོང་བྱེད་པའི་གྲལ་བཤེར་བཅོས་སྐྱོང་འགུལ་སྐྱོད་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རྒྱུན་རྣམ་ཅན་དུ་ཉེན་ཁར་ཆེད་དོན་གྲལ་བཤེར་བཅོས་སྐྱོང་བྱེད་པ་དམ་འཛིན་བྱས་ཏེ། ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོའི་བདེ་འཇགས་ཉེན་ཁ་ཕྱོགས་ཡོངས་ནས་མེད་པར་བྱས།

བྱ་བའི་རྐྱེན་སྲོལ་ལྔ་འཐུས་ཚང་དུ་བཏང་ནས། ཡུན་ཕན་རྒྱུན་བཅོས་ལ་འགན་སྲུང་བྱས། ཉིན་རྒྱུན་གྱི་བཀོད་གཏོང་དང་འཕྲལ་བསྟུན་གྱི་བསམ་ཤེས་པའི་གཅིག་བསྡུས་གསོ་སྦྱོང་། བདེ་འཇགས་ཐོན་སྐྱེད་ཟླའི་སྙན་ཞུ། གསལ་ཁྲ་གཉིས་དང་རེའུ་མིག་བཞིའི་འགུལ་རྣམ་གསར་སྒྱུར་དང་བདེ་འཇགས་ཐོན་སྐྱེད་ཀྱི་དུས་ཚིགས་དཔྱད་ཞིབ་སོགས་ཀྱི་རྐྱེན་སྲོལ་ལྔ་འཐུས་ཚང་དུ་བཏང་བ་དང་ལག་བསྟར་བྱས་པ་དང་། སྔོན་འགོག་རིགས་ཀྱི་བཅོས་སྐྱོང་གི་མཚོ་བྱང་གི་མ་དཔེ་བཙུགས་ཏེ། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་།

རིན་ཆེན་མཚོས་བསྒྱུར།