མཚོ་སྔོན་གྱི་ཉིས་སྟོང་ཉེར་གསུམ་ལོའི་ནགས་རྩྭའི་ཐོན་ལས་ཀྱི་ཐོན་རིན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བདུན་དུང་ཕྱུར་དགུར་སླེབས་ནས་དུས་མཉམ་ལས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་ཇེ་མང་དུ་སོང་ཡོད།
2024.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཉེ་སྔོན་ཉིས་སྟོང་ཉེར་བཞི་ལོའི་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་སའི་བྱ་བའི་གྲོས་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་ཐོན་ལས་ཀྱི་ཐོན་རིན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བདུན་དུང་ཕྱུར་དགུར་སླེབས་ནས་དུས་མཉམ་ལས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་ཇེ་མང་དུ་སོང་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ལྷད་མེད་གཙོར་བཟུང་སྟེ། སྐྱེ་ལྡན་འདེབས་འཛུགས་རྒྱུན་འཁྱོངས་སྒོས་རྒྱུན་ཆད་མེད་པར་འཕང་འབྲས་ཀྱི་སྤུས་ཚད་ལེགས་སྒྱུར་དང་། ཐོན་སྐྱེད་གཞི་རྒྱ་ཅན། ཐོན་རྫས་ཚོང་རྟགས་གྲགས་ཅན་བཅས་ལ་ཤུགས་སྣོན་བྱས་ནས། འཕང་འབྲས་དང་གླ་སིལ་སོགས་ཀྱིས་མཚོན་པའི་ཁྱད་ལྡན་དཔལ་འབྱོར་ནགས་དང་ཐོན་ལས་ར་བ་བཙུགས་ནས། ཁྱད་ལྡན་ནགས་རྩྭའི་ཐོན་ལས་མྱུར་མོར་འཕེལ་རྒྱས་སུ་བཏང་བ་དང་། ནགས་ལས་ཀྱི་ཁེ་ལས་གཙོ་བོ་གསུམ་དང་སྐྱེ་ལྡན་འཕང་འབྲས་རྟེན་གཞི་ཉེར་གསུམ་གསར་དུ་ངོས་འཛིན་བྱས།

ཉིས་སྟོང་ཉེར་གསུམ་ལོར། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ས་སྲུང་སྐྱོབ་འཕེལ་རྒྱས་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། རྒྱལ་དབང་དེང་རབས་ནགས་ར་སུམ་ཅུར་ཚོད་ལྟ་བྱེད་སའི་དུས་ཡུན་འབྲིང་གི་དཔྱད་འཇོག་ཡོངས་འགྲུབ་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་བར་སྟོང་གི་ཐཱན་འདུས་ནུས་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། གོ་རིམ་ལྡན་པའི་སྒོ་ནས་མགོ་ལོག་ཁུལ་རྩྭ་སའི་ཐཱན་འདུས་ཚོད་ལྟ་བྱེད་སར་སྐུལ་འདེད་བཏང་བ་དང་། ལྷོ་བྱང་རིའི་ལྗང་སྒྱུར་ཞབས་ཞུའི་ལྟེ་གནས་དང་ཙོང་ཆུའི་ནགས་ར་བཅས་རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱུན་མཐུད་ཚོང་གཉེར་ཚོད་ལྟའི་ནང་བཞག་སྟེ། ཁོངས་གཏོགས་ཀྱི་ཁེ་ལས་ལ་གཅིག་གྱུར་ལྟ་རྟོག་དོ་དམ་དང་བཅོས་སྒྱུར་བྱེད་པ་ཡོངས་འགྲུབ་བྱས་པས་འཕེལ་རྒྱས་གསོན་ཤུགས་སྔར་ལས་ཇེ་དྲག་ཏུ་སོང་ཡོད།

མཚོ་སྔོན་གྱིས་ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་རྣམ་གྲངས་དང་དངུལ་གཏོང་བརྩོན་ལེན་བྱས་ཏེ། ནགས་རྩྭའི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་རིམ་སོགས་ལམ་ལུགས་སྣ་ཉེར་བཞི་བཏོན་ནས་ནགས་རྩྭའི་རྣམ་གྲངས་ཀྱི་མ་དངུལ་དོ་དམ་ཚད་ལྡན་དུ་བཏང་བ་དང་། ལོ་ཧྲིལ་བོར་ནགས་རྩྭའི་མ་དངུལ་ཐེར་འབུམ་དྲུག་དང་དུང་ཕྱུར་བཞི་བྱེ་བ་བདུན་ས་ཡ་བཞི་དངོས་འབེབས་བྱས་ཡོད་ལ། ནགས་རྩྭའི་དངུལ་གཏོང་ཐད་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། དེའི་མཚུངས་སུ་ཤུགས་ཆེན་པོས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་ཕན་འབྲས་ཁ་གསབ་དང་རྨོ་སྐྱུར་ནགས་འདེབས་ཀྱི་ཁ་གསབ། སྐྱེ་ཁམས་ནགས་སྲུང་བའི་ཟླ་ཕོགས་བཅས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་བདུན་དངོས་འབེབས་བྱས་ཡོད། ནགས་རྩྭའི་སྐྱེ་ཁམས་བཟོ་སྐྲུན་གྱིས་ཞིང་པ་ལས་བཟོ་པ་ཁྲི་བདུན་དང་སྟོང་བཞི་ལྔ་བརྒྱ་བསྡུ་ལེན་བྱས་ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་སྟོང་བཞི་དང་དགུ་བརྒྱ་ཡིན་པས། སྐྱེ་ཁམས་ཀྱིས་དམངས་ཕྱུག་པོར་བསྒྱུར་བ་དང་དམངས་ལ་ཕན་འདེགས་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་སོང་ཡོད། དེ་ལས་གཞན་ནགས་རྩྭའི་མཐོ་གསར་ལག་རྩལ་མཚོ་སྔོན་དུ་ནང་འགུག་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་ནས། ནགས་རྩྭའི་ཚན་རྩལ་རྣམ་གྲངས་སོ་བརྒྱད་ལག་བསྟར་བྱས་པ་དང་། ནགས་རྩྭའི་ས་གནས་ཀྱི་ཚད་གཞི་སྣ་ཉེར་ལྔ་ཁྱབ་བསྒྲགས་ལག་བསྟར་བྱས་ཡོད་ལ། ཚན་རྩལ་དཔེ་སྟོན་རྟེན་གཞི་བཅུ་གཅིག་བཙུགས་ཏེ། ནགས་རྩྭའི་ཚན་རྩལ་གྱི་བྱས་རྗེས་བཞག་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།