མཚོ་སྔོན་གྱི་མང་ཚོགས་ཀྱི་ཆུ་བེད་ཐད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་བསྟུད་མར་མཐོར་འདེགས་བྱུང་ཡོད།
2024.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་ནས་བསྒྲགས་པའི་འཕྲིན་བཟང་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ཀྱི་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད་ལ། གཏན་འཇགས་མ་དངུལ་བཏང་ཚད་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་བྱེ་བ་གཉིས་ཡིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་བདུན་འཕར་ཡོད། དེ་ལས་དཔལ་འབྱོར་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་བ་དང་བདེ་འཇགས་འཕེལ་རྒྱས་སྲ་བརྟན་དུ་གཏོང་བའི་ཐད་ཆུ་བེད་ཀྱི་སྟོབས་ཤུགས་ཕུལ་ཡོད།

མཚོ་སྔོན་གྱིས་ཕྱོགས་གཉིས་ནས་ཤུགས་འདོན་པའི་རྣམ་པ་གསར་གཏོད་བྱས་ཤིང་། ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་མཚོ་སྔོན་ཀུང་ཟི་བཙུགས་ནས། ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་དང་ས་གནས་སྲིད་གཞུང་གིས་མ་དངུལ་མཉམ་གཏོང་སྒོས་ཀུང་ཟི་འཛུགས་པའི་དཔེ་སྲོལ་གསར་གཏོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཆུ་དྲའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱི་རྣམ་པ་འདོན་སྤྲོད་བྱས་ཡོད།

ཆུ་ལོག་སྔོན་འགོག་དང་ཐན་འགོག་གི་རང་འགུལ་དབང་ཆ་དམ་འཛིན་བྱས་ཏེ། སྐོར་ཐེངས་བཅུ་གཅིག་གི་ཁྱབ་ཁོངས་ཆེན་མོའི་ཆར་བ་དྲག་པོ་བབས་པའི་བརྒྱུད་རིམ་ཁྲོད། ཕན་ནུས་ལྡན་པའི་སྒོ་ནས་ས་ཁོངས་རང་བཞིན་གྱི་ཆུ་ལོག་ཆེན་མོ་དང་། ཧུའུ་ཀྲུའུ་དང་རྨ་ཆེན་གྱི་ཆུ་ལོག་སོགས་ཀྱི་ཉེན་ཁ་བདེ་བླག་ངང་ཐག་གཅོད་བྱས་པ་དང་། མང་ཚོགས་ཁྲི་གསུམ་དང་སྟོང་དྲུག་བདེ་འཇགས་ངང་གནས་གཞན་དུ་བསྐྱལ། ས་ཁུལ་སྐོར་ཞིག་གི་དྲོད་ཚད་མཐོ་བའི་ཐན་པའི་སྐབས་སུ་མང་ཚོགས་ཀྱི་འཐུང་ཆུ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས། ཞིང་སྡེ་དང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་རྐང་བཙུགས་ནས་འགན་འཁྲི་དང་བྱེད་སྒོ་གཙོ་བོར་འགན་སྲུང་བྱས་ནས། འཐུང་ཆུའི་བདེ་འཇགས་འགན་སྲུང་བཟོ་སྐྲུན་བརྒྱ་འཛུགས་སྐྲུན་བྱས་པ་དང་། ཆུ་འདོན་བཟོ་སྐྲུན་སུམ་བརྒྱ་དང་དྲུག་ཅུར་ཞིག་གསོ་བྱས། འཐུང་ཆུའི་ཐན་འགོག་བཟོ་སྐྲུན་སྣ་སོ་ལྔར་ལེགས་བཅོས་ཞིག་གསོ་བྱས་ཏེ། རོང་འབྲོག་ས་ཁུལ་གྱི་མང་ཚོགས་མི་ཐེངས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བཞི་སྟོང་གཅིག་ལྷག་ལ་ཁེ་ཕན་ཐོབ་ཡོད་ལ། ཁེ་ཕན་ཐོབ་པའི་མི་གྲངས་དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་གཉིས་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་རང་འབབ་ཆུའི་ཁེབས་ཚད་དང་ཆུ་འདོན་ཁག་ཐེག་གི་ཚད་སོ་སོར་བརྒྱ་ཆའི་གྱ་གསུམ་དང་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་གཉིས་ལ་བསླེབས་ཡོད་པས། མང་ཚོགས་ཀྱི་ཆུ་བེད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་བསྟུད་མར་མཐོར་འདེགས་བྱུང་ཡོད།

ཞིང་ཆེན་ཡོངས་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་གྲུབ་འབྲས་མངོན་གསལ་ཡིན་ཞིང་། ལོ་ཧྲིལ་བོའི་ས་ཆུ་ཤོར་བ་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ལྔ་བརྒྱ་དང་རེ་ལྔ་ལྷག་ཡིན་པ་དང་། མིའི་ཐབས་ཀྱིས་ས་ཆུ་ཤོར་བར་འགོག་བཅོས་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཞེ་གསུམ་དང་གྲངས་ཆུང་ལྔ་གཉིས་ཡིན་ལ། ས་ཆུ་ཤོར་བའི་རྒྱ་ཁྱོན་དང་དྲག་ཚད་བསྟུད་མར་ཇེ་དམའ་རུ་འགྲོ་བཞིན་པའི་སྣང་ཚུལ་བཟང་བོ་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།