རང་རྒྱལ་གྱིས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་བསྣན་ནས་སོན་ལས་དར་སྤེལ་གཏོང་བར་རོགས་ཤུགས་བཏོན།
2024.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞིང་ལས་ཞིང་སྡེ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། རང་རྒྱལ་གྱིས་སྐྱེ་དངོས་རིགས་སྣ་གསར་བའི་སྲུང་སྐྱོབ་ལམ་ལུགས་བཙུགས་པའི་ཚུན་དུ། བསྡོམས་པས་དབང་ཆ་གནང་ཚད་ཁྲི་གསུམ་ལས་བརྒལ་བ་དང་། རང་བདག་འདེམས་གསོ་རིགས་སྣའི་ཟིན་ཚད་བརྒྱ་ཆའི་གོ་གསུམ་ལ་སླེབས་ནས། འགོ་ཁུངས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་བྱས་རྗེས་ཆེན་པོ་བཞག

རྒྱུས་ལོན་བྱུང་བ་ལྟར་ན། 2023ལོ་ནི་སོན་ལས་དར་སྤེལ་འགུལ་སྐྱོད་ལག་བསྟར་བྱས་པའི་ལོ་གསུམ་པ་ཡིན་ལ། སོན་ལས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་མངོན་གསལ་སྒོས་ཇེ་ཆེར་སོང་བ་དང་། གསར་གཏོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ལ། གསར་གཏོད་གྲུབ་འབྲས་མྱུར་དུ་མངོན་པར་བྱས། 2024ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་། སོན་ལས་དར་སྤེལ་འགུལ་སྐྱོད་མྱུར་དུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་ཞིབ་སྤེལ་དང་བཀོལ་སྤྱོད་མཉམ་ལས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སོན་ཁུངས་ཀྱི་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་བསྣན་ནས། ཉེར་མཁོའི་རང་བདག་སོན་རྒྱུད་བཟང་བོ་འདེམས་གསོ་དང་ཁྱབ་གདལ་དུ་གཏོང་དགོས་ཞེས་བསྟན་ཡོད།

ཞིང་ལས་ཞིང་སྡེ་པུའུ་སྐྱེ་དངོས་རིགས་སྣ་གསར་བའི་སྲུང་སྐྱོབ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སོན་ལས་དར་སྤེལ་འགུལ་སྐྱོད་ཀྱི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། གསར་དུ་བཟོ་བཅོས་བྱས་པའི་ས་བོན་བཅའ་ཁྲིམས་ཀྱིས་སྐྱེ་དངོས་རིགས་སྣ་གསར་བའི་སྲུང་སྐྱོབ་ཁྱབ་ཁོངས་དང་སྲུང་སྐྱོབ་དུས་རིམ་རྒྱ་སྐྱེད་ལ། དོན་དམ་རང་བཞིན་གྱི་རྗེས་གྲུབ་རིགས་སྣ་ལམ་ལུགས་བཙུགས་པ་དང་། དབང་འཕྲོག་རྫུན་བཟོར་ཆད་གཅོད་བྱེད་ཤུགས་ཆེར་བཏང་ནས། གདོད་མའི་གསར་གཏོད་ལ་སྐུལ་སློང་བཏང་ཟེར།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་སོན་ལས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་མཉམ་ལས་ཀྱི་བརྗེད་ཐོ་བཀོད་པ་དང་། དབང་འཕྲོག་འགལ་རྩོད་གྱོད་གཞིའི་ཆེས་གསར་བའི་ཁྲིམས་འཛིན་འགྲེལ་བཤད་ལ་ཞིབ་གཅོད་བྱེད་པ་དང་ས་བོན་དང་འབྲེལ་བའི་ཉེན་དོན་ཞིབ་གཅོད་བྱ་བར་ཤུགས་སྣོན་པའི་མཛུབ་སྟོན་གྲོས་གཞི་ཕྱིར་བཏོན་ལ། སྤྱི་དཔྱོད་ཁྲིམས་གསུམ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་རྫུན་བཟོ་དབང་འཕྲོག་ལ་རྡུང་རྡེག་བྱེད་པའི་མཛུབ་ཁྲིད་ཡིག་ཆ་འགྲེམ་སྤེལ་བྱས་པ་དང་། སྲིད་འཛིན་ཁྲིམས་བསྟར་དང་ཁྲིམས་འཛིན་སྲུང་སྐྱོབ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། སོན་ལས་ཤེས་བྱབའི་ཐོན་དབང་གི་སྲུང་སྐྱོབ་ཆེན་པོའིརྣམ་པ་གྲུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།