རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་ཁྲོད་དངུལ་གཏོང་ལས་གཞིའི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་རྒྱུའི་ཚུལ་བསྟན།
2024.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བསྟན་དོན།   ད་ལོར་དམངས་ཁྲོད་ཀྱི་མ་རྩར་ལས་གཞི་འོས་སྦྱོར་བྱེད་པའི་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་སྟེ།  དམངས་ཁྲོད་དངུལ་གཏོང་ལས་གཞི་གཙོ་བོའི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་།   སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ཚད་ལྡན་སྒོས་ལག་བསྟར་བྱེད་པ་སོགས་བྱས་ཏེ་དམངས་ཁྲོད་དངུལ་གཏོང་གི་གསོན་ཤུགས་སྔར་ལས་སྐུལ་སློང་བྱེད་རྒྱུ་རེད།

དམངས་ཁྲོད་དངུལ་གཏོང་ནི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲོལ་ཟི་ཡི་ཟི་ཀྲང་མིན་ཝེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།   ས་ཁུལ་སོ་སོའི་དམངས་ཁྲོད་དངུལ་གཏོང་ལས་གཞི་གཙོ་བོའི་ཁྲོད་དུ།   རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་གཞུང་གི་བླང་བྱ་དང་འཚམ་པ་དང་དངུལ་གཏོང་གཞི་ཁྱོན་ཆེ་བ།  དཔེ་སྟོན་རང་བཞིན་དྲག་པ་བཅས་ཀྱི་ལས་གཞི་སྐོར་ཞིག་བདམ་ནས་རྒྱལ་ཁབ་ཀྱི་དམངས་ཁྲོད་དངུལ་གཏོང་ལས་གཞི་གཙོ་བའི་མཛོད་དུ་འཇོག་རྒྱུ་རེད།  དེར་མ་ཟད།    དངུལ་ཁང་སོགས་དངུལ་རྩའི་སྡེ་ཁག་ལ་ལས་གཞི་འོས་སྦྱོར་བྱས་ཏེ་དངུལ་གཏོང་རྒྱབ་སྐྱོར་ཆེ་རུ་གཏོང་བ་དང་།   ཆ་རྐྱེན་དང་མཐུན་པའི་ལས་གཞི་རྒྱལ་ཁབ་ཀྱི་ལས་གཞི་གཙོ་བོའི་འགན་སྲུང་ནང་རྐྱེན་ཁྲོད་བཞག་སྟེ་ས་ཞིང་གི་རྒྱུ་རྐྱེན་འགན་སྲུང་ཆེ་རུ་གཏོང་བ།   ཕྱོགས་སོ་སོའི་མཐུན་སྦྱོར་མཉམ་སྒུལ་ལ་སྐུལ་འདེད་བཏང་སྟེ་དུས་སྔོན་གྱི་འགྲོ་ལུགས་སྒྲུབ་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད་ཟེར།

མིན་ཝེ་ཡིས་བཤད་རྒྱུར།   ང་ཚོས་དམིགས་བསལ་ཆོག་འཐུས་ཀྱི་བདག་གཉེར་དོ་དམ་བྱེད་ཐབས་དང་དམིགས་བསལ་ཆོག་འཐུས་ཀྱི་བདག་གཉེར་ཇུས་གཞི་སྒྲིག་བཟོའི་རྩ་གནད།    དམིགས་བསལ་ཆོག་འཐུས་ཀྱི་བདག་གཉེར་གྲོས་མཐུན་མ་དཔེ་སོགས་མ་ལག་ཚང་བའི་ཡིག་ཆ་མྱུར་དུ་ཕྱིར་བཏོན་ནས།  སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ལས་གཞིའི་ཆ་འཕྲིན་མ་ལག་བཙུགས་ཏེ་མཐུན་སྦྱོར་མཛུབ་སྟོན་བཟང་བོར་བསྒྲུབ་པ་དང་།   དམངས་གཉེར་ཁེ་ལས་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་ཁྲོད་ཞུགས་པའི་བར་སྟོང་ཆེ་རུ་བཏང་སྟེ།   དམངས་ཁྲོད་མ་རྩ་སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ལས་གཞིའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་རྒྱུ་ཡིན་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།