རང་རྒྱལ་གྱིས་ཆུ་གཏོང་ཁུལ་ཆེན་པོ་བརྒྱད་བཅུ་མཐུད་བསྐྲུན་ཆ་སྡེབས་དང་དེང་རབས་ཅན་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་།
2024.02.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཆུ་བེད་པུའུ་ཡིས་ཉེ་ལམ2024ལོའི་ཞིང་སྡེའི་ཆུ་བེད་ཆུ་གློག་བྱ་བའི་གཙོ་གནད་ཁྱབ་བསྒྲགས་བྱས་ནས། ཆུ་གཏོང་ཁུལ་དེང་རབས་ཅན་འཛུགས་སྐྲུན་མྱུར་དུ་སྤེལ་བ་དང་། ཆུ་གཏོང་ཁུལ་ཆེན་པོ་བརྒྱད་བཅུའི་མཐུད་བསྐྲུན་ཆ་སྡེབས་དང་དེང་རབས་ཅན་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཆུ་གཏོང་ཁུལ་ཆེན་པོ་ཁ་ཤས་ཀྱིས་ད་ལོའི་ལོ་སར་སྐབས་སུ་ལས་མཚམས་དང་ཐོན་མཚམས་མ་བཞག་པ་དང་། དེའི་དམིགས་འབེན་ནི་ཆུ་མ་རྒྱས་པའི་སྔོན་དུ་དུས་རིམ་གཙོ་བོའི་བཟོ་སྐྲུན་འཛུགས་སྐྲུན་ཡོངས་འགྲུབ་བྱེད་རྒྱུ་དེ་ཡིན། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་དགུ་བཏང་བའི་ཅང་ཞི་ཞིང་ཆེན་མེ་ཅང་ཆུ་གཏོང་ཁུལ་གྱི་བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། 2024ལོའི་དུས་ཚིགས་དང་པོའི་ནང་སྤྱི་ལེ་ཉེར་བརྒྱད་ཀྱི་སྤྱིའི་མ་ཡུར་དུ་ཆུ་རྒྱུག་པའི་དུས་རིམ་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

ཆུ་བེད་པུའུ་ཞིང་སྡེའི་ཆུ་བེད་ཆུ་གློག་ཀུང་ཟིའི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། 2024ལོའི་ཞིང་སྡེ་ཆུ་བེད་ཆུ་གློག་བྱ་བའི་གཙོ་གནད་ལྟར། ཆུ་གཏོང་ཁུལ་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཚད་ཆེར་གཏོང་བའི་ཆུ་གཏོང་ཁུལ་སྟོང་གཅིག་ལྷག་གི་ལས་གཞི་ལྟ་སྐུལ་དང་དོ་དམ་བྱ་བ་བཟང་བོར་བསྒྲུབ་སྟེ། འབྲེལ་ཡོད་ལས་གཞིའི་བར་སྦྲེལ་མཐུད་ཆ་སྡེབས་བྱེད་པར་མཐུན་སྦྱོར་བཟང་བོ་བྱེད་རྒྱུ་ཡིན་ལ། སྡེ་ཁག་མཉམ་ལས་ལ་ཤུགས་བསྣན་ནས། ཆུ་གཏོང་ཁུལ་ཆེན་པོའི་རྐང་འཛིན་བཟོ་སྐྲུན་དང་ཞིང་ཁའི་བཟོ་སྐྲུན་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ་དང་། ཆུ་གཏོང་བའི་ཆ་རྐྱེན་ལྡན་པའི་རྨོ་ཞིང་དེ་སྔོན་དུ་ཚད་གཞི་མཐོ་བའི་ཞིང་ས་རུ་འཛགས་སྐྲུན་བྱེད་རྒྱུ་ཡིན། དེ་དང་མཉམ་དུ། ཞིང་ལས་ཐད་ཀྱི་ཆུ་གྲོན་ཆུང་དང་ཆུ་འདོན་སྤྲོད་བྱེད་པའི་དོ་དམ་ལ་ཤུགས་བསྣན་ནས། ཆུ་གཏོང་ཁུལ་དང་ཆུ་གཏོང་ཆུ་འདོན་ས་ཚིགས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་སོགས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།