མཚོ་ནུབ་ཁུལ་གྱིས་ཞིང་ཆེན་བརྒལ་བའི་ས་གནས་གཞན་ནས་སྨན་གསོ་བྱེད་པའི་ཞབས་ཞུའི་འགན་སྲུང་བསྟུད་མར་མཐོར་འདེགས་བྱས།
2024.02.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིང་ཆེན་བརྒལ་བའི་ས་གནས་གཞན་ནས་སྨན་གསོ་བྱེད་པའི་མི་སྣའི་དོན་དངོས་དཀའ་གནད་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱེད་ཆེད། ཉིས་སྟོང་ཉེར་གསུམ་ལོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་བརྒལ་བའི་ས་གནས་གཞན་ནས་སྨན་གསོ་བྱེད་པའི་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་བརྒལ་བའི་ས་གནས་གཞན་ནས་སྨན་གསོ་བྱེད་པའི་བྱ་བ་བྱེ་བྲག་ཏུ་དངོས་འབེབས་བྱེད་པར་འགན་སྲུང་བྱས། ཉིས་སྟོང་ཉེར་གསུམ་ལོར། བསྡོམས་པས་ཞིང་ཆེན་བརྒལ་བའི་ས་གནས་གཞན་ནས་སྨན་གསོ་བྱེད་མཁན་མི་ཐེངས་ཁྲི་གསུམ་ལྷག་ཐོ་འགོད་ཐག་གཅོད་བྱས་པ་དང་། ཞིང་ཆེན་བརྒལ་བའི་ས་གནས་གཞན་ནས་སྨན་ཁང་དུ་ཞག་སྡོད་བྱས་པའི་སྨན་ཡོན་དང་ཞིང་ཆེན་བརྒལ་བའི་སྒོ་བསྟེན་སྨན་ཁང་དཀྱུས་མའི་གྲོན་དངུལ་རྩིས་སྤྲོད་བྱས་ཚད་སོ་སོར་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་གཉིས་བརྒྱད་ལ་བསླེབས་ཡོད།

མཚོ་ནུབ་ཁུལ་གྱིས་ཁུལ་ཡོངས་སུ་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་ཞིང་ཆེན་བརྒལ་ནས་ཐད་ཀར་དུ་ཐེབས་རྩས་རྩིས་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་དུས་ཡུན་རིང་བོར་འཚོ་སྡོད་བྱེད་པའི་མི་སྣའི་ཐོ་འགོད་བྱེད་ས་དང་སྨན་བཅོས་འགན་སྲུང་ལ་ཞུགས་ས་ཕྱོགས་གཉིས་ནས་སྨན་བཅོས་འགན་སྲུང་ལོངས་སུ་སྤྱོད་པར་རྒྱབ་སྐྱོར་བྱས་ལ། ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་དང་ཕྱོགས་གསུམ་པའི་འགན་འཁྲི་མེད་པའི་རྨས་སྐྱོན་ཕོག་པའི་མི་སྣས་ཞིང་ཆེན་བརྒལ་བའི་ས་གནས་གཞན་དུ་སྨན་གསོ་བྱེད་པར་ཐད་ཀར་དུ་རྩིས་ལེན་ཞབས་ཞུ་ལོངས་སྤྱོད་བྱས་ཆོག

དེའི་ཞོར་དུ་ཐོ་འགོད་ལས་རིམ་ལེགས་བསྒྱུར་དང་ཐོ་འགོད་ཐབས་ལམ་རྒྱ་བསྐྱེད་དེ། སྨན་བཅོས་འགན་སྲུང་ལ་ཞུགས་པའི་མང་ཚོགས་ཀྱིས་རྒྱལ་ཁབ་སྨན་བཅོས་ཞབས་ཞུའི་སྟེགས་བུའིAppདང་མཚོ་སྔོན་སྨན་བཅོས་འགན་སྲུངAppསོགས་བརྒྱུད་དེ་དྲ་ཐོག་དང་ཡུལ་དངོས་གང་རུང་ནས་ས་གནས་གཞན་དུ་སྨན་གསོ་བྱས་པའི་ཐོ་འགོད་བྱེད་སྒོ་བསྒྲུབ་ཆོག་པར་བྱས་པས། སྔར་ལས་ལྷག་པའི་སྒོག་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་སྤྲོད་བྱེད་པའི་མི་སྣའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཆ་རྐྱེན་དང་འཚམ་པའི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མི་སྣས་ཐོ་འགོད་འགྲོ་ལུགས་གསབ་སྒྲུབ་བྱས་ནས། སྨན་ཁང་དུ་ཞག་སྡོད་བྱས་པའི་སྨན་ཡོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་སྤྲོད་བྱེད་པའི་ཞབས་ཞུ་ལོངས་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ས་གནས་གཞན་དུ་སྨན་གསོ་བྱེད་པའི་རྩིས་སྤྲོད་ཀྱི་དུས་ཐོག་རང་བཞིན་དང་སྟབས་བདེ་རང་བཞིན་མཐོར་འདེགས་བྱས།

དེ་ལས་གཞན་མཚོ་ནུབ་ཁུལ་གྱིས་ཧུར་ཐག་སྒོས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད། སྐྲན་ནད་ཚབས་ཆེན། དལ་གཤིས་མཁལ་ནུས་ཟད་པའི་ནད། དེ་མིན་དབང་རྩའི་སྤོ་བསྒྱུར་གཤགས་བཅོས་རྗེས་ཀྱི་གསོ་བཅོས་སོགས་སྒོ་བསྟེན་གྱི་དམིགས་བསལ་ནད་རིགས་ཀྱི་འབྲེལ་ཡོད་སྨན་བཅོས་གྲོན་དངུལ་ཞིང་ཆེན་བརྒལ་ནས་ཐད་ཀར་དུ་རྩིས་སྤྲོད་བྱེད་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱིས་འབྲེལ་བ་འཛུགས་པའི་བྱ་བར་སྐུལ་འདེད་བཏང་། མིག་སྔའི་བར་དུ་ཁུལ་ཡོངས་སུ་བསྡོམས་པས་ཞིང་ཆེན་བརྒལ་བའི་སྨན་ཁང་གི་ཞག་སྡོད་གྲོན་དངུལ་ཐད་ཀར་རྩིས་སྤྲོད་བྱས་ཆོག་པའི་སྨན་ཁང་ཉེར་གསུམ་བར་འབྲེལ་བ་བཙུགས་པ་དང་། ཞིང་ཆེན་བརྒལ་བའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱི་སྒོ་བསྟེན་སྨན་ཁང་དཀྱུས་མའི་གྲོན་དངུལ་ཐད་ཀར་རྩིས་སྤྲོད་བྱས་ཆོག་པ་བཞི་བརྒྱ་ལྷག་ཡོད་ལ། སྒོ་བསྟེན་གྱི་དམིགས་བསལ་ནད་རིགས་ཀྱི་གྲོན་དངུལ་ཐད་ཀར་རྩིས་སྤྲོད་བྱས་ཆོག་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ཉིས་བརྒྱ་ལྷག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།