མཚོ་སྔོན་གྱི་གྲོང་གསེབ་ཐོན་ལས་སྔར་ལས་སྟོབས་ལྡན་དུ་གྱུར།
2024.02.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གསར་འགོད་པས་ཉེ་སྔོན་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ལྷད་མེད་རྒྱང་རིང་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཤིང་། ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཞིང་ཕྱུགས་ལས་ཀྱི་རིགས་སྣ་ལེགས་བསྒྱུར་དང་སྤུས་ཚད་མཐོར་འདེགས། མིང་གྲགས་ཚོང་རྟགས་གསར་སྐྲུན། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་སྐུལ་འདེད་བཏང་བས། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱི་ལྷད་མེད་ཟས་རིགས་དང་སྐྱེ་ལྡན་ཞིང་ཞོར་ཐོན་རྫས། ས་གནས་ཀྱི་མཚོན་རྟགས་སུ་གྱུར་བའི་ཞིང་ཞོར་ཐོན་རྫས་བཅས་སྟོང་གཅིག་དང་བརྒྱ་དང་བཅོ་ལྔར་བསླེབས་པ་དང་། སྐྱེ་ལྡན་རྩྭ་ཐང་གི་ལྟ་ཞིབ་ཚད་འཇལ་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ལས་བརྒལ་ཡོད་ལ། ཞིང་ཕྱུགས་ཐོན་རྫས་རིགས་སྣ་རེ་དྲུག་རྒྱལ་ཁབ་ཀྱི་ས་གནས་ཀྱི་མཚོན་རྟགས་སུ་གྱུར་བའི་ཞིང་ཞོར་ཐོན་རྫས་འགྲེམ་སྟོན་མྱོང་རོལ་ཁང་དུ་ཚུད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་སྔར་ལས་སྟོབས་ལྡན་དུ་གྱུར་ཡོད།

བསྟུད་མར་གཙོ་ཕྱོགས་གསོ་སྤེལ་ལ་ཤུགས་སྣོན་བྱས་ཏེ། ཉིས་སྟོང་ཉེར་གསུམ་ལོར་རྒྱལ་ཁབ་རིམ་པའི་ཐོན་ལས་ར་བ་གཅིག་དང་རྒྱལ་ཁབ་རིམ་པའི་ཁྱད་སྟོབས་ཁྱད་ལྡན་ཐོན་ལས་ཚོགས་པ་གཅིག ཞིང་ལས་ཐོན་ལས་ཀྱིས་མཁར་གྲོང་སྟོབས་ལྡན་དུ་གཏོང་བ་གསུམ་བཅས་གསར་འཛུགས་བྱས་པ་དང་། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ་བཅུ་ངོས་ལེན་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཞིང་བའི་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ར་སོ་སོར་ཁྲི་གཅིག་དང་སྟོང་བདུན་དང་ཁྲི་གཉིས་ལས་བརྒལ་ཡོད་པ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་དྲུག་བརྒྱ་དང་ཉེར་གཅིག་ལ་བསླེབས་ཡོད་པར་མ་ཟད། གྲོང་ཁྱེར་ཆེ་འབྲིང་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བཅུ་དྲུག་ཏུ་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཆེད་འདོན་རྟེན་གཞི་དང་མྱོང་རོལ་ཁང་། འགྲེམ་ཚོང་བྱེད་ས་བཅས་ཉེར་དྲུག་བཙུགས་ཏེ། མཚོ་སྔོན་གྱི་ཐོན་རྫས་ཁང་དང་ཇ་རྟའི་ཚོང་རའི་ཐོན་ལས་མུ་རྒྱུན་གཞི་གྲངས་ཅན་སོགས་དྲ་ཐོག་གི་ཉོ་ཚོང་སྟེགས་བུ་བཙུགས་ཡོད་པས། ལོ་ཧྲིལ་བོར་ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་སྣ་ཚོགས་ཕྱིར་གཏོང་བྱས་ཚད་ཀྱི་རིན་ཐང་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་བརྒྱད་བྱེ་བ་གཉིས་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།