རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལེགས་བཅོས་ལས་འགན་ལ་གྲུབ་འབྲས་བཟང་བོ་ཐོབ།
2024.02.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ།   གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   2023ལོའི་ལོ་མཇུག་བར་དུ།  སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལེགས་བཅོས་ཇུས་གཞིས་གཏན་འཁེལ་གསལ་བོ་བྱས་པའི་དག་ཐེར་ལེགས་བཅོས་ལས་འགན་སྟོང་གཉིས་དང་བརྒྱ་དང་རེ་བཞི་ཡོད་པ་དེ་སྤྱིའི་ཆ་ནས་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་དོན་དགུར་སླེབས།

2023ལོར།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད།   ལྟ་ཞིབ་ཚན་ཆུང་གིས་ཧྥུའུ་ཅན་དང་ཧི་ནན།   ཧེ་ནན།   ཀན་སུའུ།   མཚོ་སྔོན་བཅས་ཞིང་ཆེན་ལྔ་རུ་རེས་སྐོར་གསུམ་པའི་སྐོར་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྤེལ་ཏེ་ཐུན་མོང་རང་བཞིན་གྱི་གནད་དོན་སྐོར་ཞིག་རྙེད་པར་མ་ཟད།    དཔེ་སྟོན་གྱོད་གཞི་ཁྱབ་བསྒྲགས་བྱས།   དེ་དང་མཉམ་དུ།    རེས་སྐོར་གསུམ་པའི་ལྟ་ཞིབ་ལས་གཏན་འཁེལ་གསལ་བོ་བྱས་པའི་ལེགས་བཅོས་བྱ་བར་ཡང་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གནད་དོན་གལ་ཆེན་ལེགས་བཅོས་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན།   2024ལོར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།  འབྲི་ཆུའི་བཞུར་རྒྱུད་དང་རྨ་ཆུའི་བཞུར་རྒྱུད་ནི་ལྟ་ཞིབ་བྱ་ཡུལ་གཙོ་བོ་རེད།   དེ་མིན་ད་རུང་།   ལྟ་ཞིབ་ལེགས་བཅོས་བྱ་བར་སྐུལ་འདེད་ནན་མོ་གཏོང་བ་དང་།  བཀོད་གཏོང་ལྟ་སྐུལ་དང་སྒྲུབ་གཉེར་འཐེན་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་དོ་དམ་གྱི་རྣམ་པ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།