རང་རྒྱལ་གྱི་ཞིང་ཆེན་སོ་སོས་དབང་བོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་ཀྱི་སྲིད་ཇུས་ཕྱིར་བཏོན།
2024.02.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

བོད་ལྗོངས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉེ་སྔོན་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་རིགས་ཀྱི་རམ་འདེགས་ཡོ་བྱད་སྡེབ་སྒྲིག་ཁ་གསབ་ལག་བསྟར་བྱེད་པའི་བྱེད་ཐབས་ཕྱིར་བཏོན། དེར་བརྟེན། རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་སྲིད་ཇུས་དེ་ཕྱིར་བཏོན་པ་དང་། རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་རིགས་ཀྱི་རམ་འདེགས་ཡོ་བྱད་སྡེབ་སྒྲིག་ཞབས་ཞུའི་ཐད་ནས་ལམ་ལུགས་ཅན་གྱི་འགན་སྲུང་ཐོག་མར་མངོན་འགྱུར་བྱས།

རམ་འདེགས་ཡོ་བྱད་ནི་དབང་བོ་སྐྱོན་ཅན་གྱི་རྩོལ་ནུས་སྲུང་འཛིན་དང་ལེགས་བསྒྱུར་བྱེད་པའི་རིགས་མི་འདྲ་བའི་དངོས་ཟོག་དང་སྒྲིག་ཆས། མཉེན་ཆས་སྤྱིའི་མིང་ལ་ཟེར། རམ་འདེགས་ཡོ་བྱད་སྡེབ་སྒྲིག་བྱེད་པ་ནི་དབང་བོ་སྐྱོན་ཅན་གྱི་ལུས་གསོ་ཞབས་ཞུའི་ནང་དོན་གཙོ་བོ་དང་། དབང་བོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་དབང་བོ་སྐྱོན་ཅན་གྱིས་རང་ཚུགས་སྒོས་འཚོ་བ་རོལ་བ་དང་སྤྱི་ཚོགས་ཁྲོད་ཞུགས་པའི་ནུས་པ་མཐོར་འདེགས་གཏོང་བའི་ལག་རྩལ་བྱེད་ཐབས་གཙོ་བོ་ཡིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2021ལོར་འགྲེམ་སྤེལ་བྱས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་དབང་བོ་སྐྱོན་ཅན་གྱི་འགན་སྲུང་དང་འཕེལ་རྒྱས་འཆར་གཞིའི་ནང་ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་མཁར་གྲོང་གི་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་ལྕི་མོའི་གཞི་རྩའི་རིགས་ཀྱི་རམ་འདེགས་ཡོ་བྱད་སྡེབ་སྒྲིག་བྱེད་པའི་ཐད་ནས་ཁ་གསབ་སྟེར་ཆོག་ཅེས་བཏོན་ཡོད། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་སྡེ་ཁག་གིས་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག སྔོན་དུས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅུ་གཅིག་གིས་འབྲེལ་ཡོད་སྲིད་ཇུས་ཕྱིར་བཏོན་པའི་རྨང་གཞིའི་སྟེང་། སྔ་གཞུག་ཏུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཉི་ཤུ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་གནས་ཚུལ་དངོས་ལ་རྐང་བཙུགས་ནས། རང་ས་གནས་ཀྱི་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་རིགས་ཀྱི་རམ་འདེགས་ཡོ་བྱད་སྡེབ་སྒྲིག་གི་ཁ་གསབ་སྲིད་ཇུས་མྱུར་དུ་ཞིབ་འཇུག་བྱས་པར་མ་ཟད་གཏན་འབེབས་བྱས།

ཁ་གསབ་བྱེད་ཡུལ་ཕྱོགས་ནས། ས་ཆ་སོ་སོས་དཔལ་འབྱོར་ཐད་ནས་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་ལྕི་མོ་ཁ་གསབ་བྱེད་ཡུལ་གཙོ་བོར་བརྩིས། ཞིང་ཆེན་མང་ཆེ་ཤས་ཀྱིས་ཁ་གསབ་བྱེད་ཡུལ་དེ་ས་དེའི་འཛིན་བྱང་ཡོད་པའི་དབང་བོ་སྐྱོན་ཅན་དང་གཏན་ཁེལ་དང་མཐུན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པར་གཏན་ཁེལ་བྱས་ཡོད། པེ་ཅིང་དང་ཅང་སུའུ། ཀྲིག་ཅང་། ཅང་ཞི། ཧི་ནན། ཧྲན་ཞི། ཞིན་ཅང་སོགས་ས་ཆས་སློབ་གྲྭ་རུ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་དེ་ཁ་གསབ་བྱེད་ཡུལ་གཙོ་བོར་གཏན་ཁེལ་བྱས་ཡོད་པ་དང་། ཧའེ་ནན་དང་བོད་ལྗོངས་ཀྱིས་འཛིན་བྱང་ཡོད་པའི་དབང་བོ་སྐྱོན་ཅན་རྒན་པ་དང་ལོ་རེ་ལྔའི་ཡན་གྱི་ནུས་མེད་ལོ་ལོན་དེ་ཁ་གསབ་བྱེད་ཡུལ་ཁྲོད་བཞག་ཡོད། ཁ་གསབ་ནང་དོན་དང་ཚད་གཞིའི་ཕྱོགས་ནས། ས་ཆ་སོ་སོས་དབང་བོ་སྐྱོན་ལ་མྱུར་དུ་མཁོ་བའི་གཞི་རྩའི་རིགས་ཀྱི་རམ་འདེགས་ཡོ་བྱད་དེ་ཁ་གསབ་ནང་དོན་གཙོ་བོ་རུ་བརྩི་བ་དང་། ས་གནས་ཁ་ཤས་སུ་ཁ་གསབ་དང་འབྲེལ་བའི་རམ་འདེམས་ཡོ་བྱད་ཀྱི་རིགས་སྣ་བརྒྱ་དང་དགུ་བཅུ་ལྷག་ཡོད། ས་ཆ་སོ་སོས་གཙོ་བོར་རམ་འདེགས་ཡོ་བྱད་ཀྱི་ཐོན་རྫས་རིགས་སྣ་དང་ཁྱིམ་ཚང་གི་དཔལ་འབྱོར་གནས་བབ། དབང་བོ་སྐྱོན་ཅན་ཚད་རིམ་སོགས་གཞིར་བཟུང་ནས་ཁ་གསབ་ཚད་གཞི་གཏན་ཁེལ་བྱས།

རིན་ཆེན་མཚོས་བསྒྱུར།