མཚོ་སྔོན་གྱིས་བདེ་འཇགས་ཐོན་སྐྱེད་དང་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་བྱ་བ་གཏིང་ཟབ་ཏུ་སྤེལ།
2024.02.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་སྤྲོ་སྐྱིད་བདེ་འཇགས་ཀྱི་ལོ་སར་ཞིག་རོལ་བར་བདེ་འཇགས་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ལོ་སར་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་མྱུར་བ་མྱུར་དུ་བཀོད་སྒྲིག་བྱས་ནས། རུ་ཁག་ཁྲིད་དེ་གཞི་རིམ་ཡུལ་དངོས་སུ་སོང་ནས་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།

ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ་ཁོངས་གཏོགས་ས་ཁུལ་གྱི་མི་སྣ་འདུ་རུབ་བྱེད་སར་སོང་ནས་གྲོང་ཁྱེར་ཡོངས་ཀྱི་མེ་གསོད་མེ་འགོག་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱས། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འཕྲལ་བསྟུན་དང་མེ་གསོད་མེ་འགོག་སོགས་སྡེ་ཁག་ཁྲིད་དེ་ཡུལ་དངོས་སུ་སོང་ནས་ལས་གཞི་གཙོ་བོ་དང་ཁེ་ལས་གཙོ་བོའི་བདེ་འཇགས་ཐོན་སྐྱེད་ཐད་ལྟ་སྐུལ་ཞིབ་བཤེར་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཡོངས་ཁེབས་དྲ་འཐེན་རྣམ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་། མཚོ་ལྷོ་དང་མཚོ་བྱང་། རྨ་ལྷོ། ཡུས་ཧྲུའུ། མགོ་ལོག་སོགས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཀྱང་སོ་སོར་རུ་ཁག་ཁྲིད་དེ་ཡུལ་དངོས་སུ་སོང་ནས་ཁོངས་གཏོགས་ས་ཁུལ་དུ་ལྟ་སྐུལ་མཛུབ་སྟོན་དང་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་བྱས།

ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་དམངས་སྒྲུབ་སློབ་གྲྭ་དང་བཅའ་སྡོད་ལམ་ལུགས་སློབ་གྲྭ མཐའ་འཁོར་ས་ཁུལ་གྱི་གཞི་ཁྱོན་ཆུང་བའི་སློབ་གྲྭར་ཁ་གཏད་དེ་ལྟ་སྐུལ་མཛུབ་སྟོན་བྱས། གཙོ་བོར་སློབ་རའི་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་། དཔེ་མཛོད་ཁང་། ཟ་ཁང་། ཚོད་ལྟ་ཁང་། ལུས་རྩལ་ཁང་སོགས་ཁུལ་ཁོངས་ལ་དམིགས་ནས་ཞིབ་བཤེར་བྱས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བདེ་འཇགས་གཙོར་བཟུང་ཞིང་། འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་བྱས་པ་དང་། རྐང་འཛིན་མི་སྣ་འཐེན་སྐོང་བྱས་ནས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཞི་བཙུགས་ཏེ། ས་ཆ་སོ་སོའི་རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས། མྱུར་བགྲོད་གཞུང་ལམ་གྱི་ལམ་ཁ་སོགས་ཡུལ་གནས་གཙོ་བོ་དང་ལམ་མཚམས་སུ་སོང་ནས། ལོ་སར་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་སྟོན་བྱས། ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འགན་ཁུར་མི་སྣ་གཙོ་བོས་སྣེ་ཁྲིད་དེ། སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཉེན་ཁ་དང་ལམ་ངོས་ཚོད་སྡོམ་བྱ་བ་སྤེལ་བའི་ཐད་ནས་སྐབས་བསྟུན་ལྟ་སྐུལ་དང་ཞིབ་བཤེར་བྱས། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཞི་བཙུགས་ནས། ཆེད་བསྐོས་འགན་ཁུར་མི་སྣས་སོ་སོར་སྣེ་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་སོལ་རླངས་དང་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་ཀྱི་བདེ་འཇགས་ཐད་ནས་ལྟ་སྐུལ་ཞིབ་བཤེར་བྱས། མིག་སྔར་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་ཡོངས་འགྲུབ་བྱས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ལྟ་སྐུལ་ཚན་ཆུང་དགུ་རྩ་འཛུགས་བྱས་ནས་གྲོང་ཁྱེར་དང་ཁུལ་སོ་སོར་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཁྱབ་ཁོངས་གཙོ་བོ་དང་གནས་གཙོ་བོ་འབུར་དུ་ཐོན་པར་བྱས་ནས། ཁེ་ལས་དགུ་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་པ་དང་། ཞིང་བཤེར་ཁྲོད་རྙེད་པའི་གནད་དོན་དང་ཉེན་ཁ་དག་ཡུལ་དངོས་ནས་དག་ཐེར་ལེགས་བཅོས་བྱེད་དུ་བཅུག ཞིང་ཆེན་ཆུ་བེད་ཐིན་གྱི་འགན་ཁུར་བློ་མཐུན་གཙོ་བས་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཐིན་གྱིས་ཐད་ཀར་དོ་དམ་དང་འཛུགས་སྐྲུན་བྱེད་བཞིན་པ་དང་བཀོལ་སྤྱོད་བྱེད་བཞིན་པའི་ཆུ་བེད་ལས་གཞི་བརྒྱ་དང་སོ་བརྒྱད་ལ་ཡུལ་དངོས་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕྲལ་བསྟུན་ཐིན་གྱིས་བསྡོམས་པས་ཁེ་ལས་དང་སྡེ་ཁག་བརྒྱ་དང་ཉེར་བཞི་ལ་ཞིབ་བཤེར་བྱས་ནས། རིགས་མི་འདྲ་བའི་གནད་དོན་དང་ཉེན་ཁ་བཞི་བརྒྱ་དང་ལྔ་བཅུ་རྙེད་པ་དང་། ལས་རིགས་སྡེ་ཁག་བཅོ་བརྒྱད་ལ་བསྒྲུབ་རྒྱུར་སྐུལ་མ་བྱེད་པའི་ཡི་གེ་པར་འགྲེམ་བྱས་ཏེ། སྡེ་ཁག་སོ་སོས་ཕྱོགས་ཡོངས་ནས་སྡེ་ཁག་གི་བདེ་འཇགས་ལྟ་རྟོག་གི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་རྒྱུའི་སྐུལ་མ་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁེ་ལས་ཁྲི་གཉིས་དང་སྟོང་བརྒྱད་བཞི་བརྒྱ་དང་བདུན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

རིན་ཆེན་མཚོས་བསྒྱུར།