མཚོ་ནུབ་ཁུལ་གྱིས་ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱས།
2024.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

2023ལོའི་ཚུན་དུ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ས་ཁོངས་ནང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། རྩྭ་སའི་བྱ་དགའ་ཁ་གསབ་དང་ཞིང་ལས་ངོས་ཁུངས་ཀྱི་བཙོག་བཟོ་འགོག་བཅོས། ཆུའི་སྐྱེ་ཁམས་ཁོར་ཡུག་སོགས་བྱ་བ་གཙོ་བོ་ལག་བསྟར་བྱས་པ་དང་། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ལ་བརྟེན་ནས། ས་ཁོངས་ནང་གི་ཞིང་ཕྱུགས་ལས་སྐྱེ་ཁམས་འཕེལ་རྒྱས་དང་དཔལ་འབྱོར་ཕན་འབྲས་ཐད་ནས་གཉིས་རྒྱལ་མངོན་འགྱུར་བྱེད་པར་འདེགས་སྐྱོར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་།

མཚོ་ནུབ་ཁུལ་གྱིས་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འབུར་ཐོན་གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱེད་ཐབས་དྲུག་གཏན་འབེབས་བྱས་པ་དང་། ཞིང་འབྲེལ་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དང་གནད་དོན་ལ་གྲལ་བཤེར་བྱས་ཤིང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ཉེར་བདུན་གྱི་ཁོར་ཡུག་གཙང་སྦྲ་ཞན་པ་དང་མི་སྡོད་ཁོར་ཡུག་ཕྱོགས་ཀྱི་གནད་དོན་བརྒྱ་དང་ང་ལྔ་དག་ཐེར་ལེགས་བཅོས་བྱས་ནས། ཞིང་འབྲེལ་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་ཕན་ལྡན་འགོག་ཟོན་དང་ཐག་གཅོད་བྱས། རྩྭ་སའི་བྱ་དགའི་ཁ་གསབ་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས། ཁུལ་ཡོངས་སུ་བསྡོམས་པས་ཕྱུགས་འགོག་ཁ་གསབ་དང་རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་འབུམ་བཞི་བྱིན་པ་དང་། དེ་འབྲོག་ཁུལ་ཡོངས་དང་རོང་མ་འབྲོག་ས་ཁུལ་གྱི་བེད་སྤྱོད་བྱེད་ཆོག་པའི་རང་བྱུང་རྩྭ་ས་མུའུ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གསུམ་འབུམ་དྲུག་ལ་ཁེབས་ཡོད། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་གསུམ་དང་། སྡེ་བ་བརྒྱ་དང་དོན་གསུམ། ཁྱིམ་ཚང་ཁྲི་གཅིག་དང་སྟོང་དྲུག་བཞི་བརྒྱ། མི་ཁྲི་དྲུག་དང་སྟོང་གསུམ། བཟོ་གྲྭ་དང་ཁེ་ལས་བཞི་བཅས་ལ་ཕན་བཏགས་ནས། རྩྭ་ཐང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱས་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག

དེ་དང་མཉམ་དུ། ཞིང་ལས་ངོས་ཁུངས་ཀྱི་བཙོག་བཟོ་འགོག་བཅོས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་། སོག་མ་ཐོན་ཁུངས་ཅན་གྱི་བཀོལ་སྤྱོད་དང་ཞིང་སྤྱོད་འགྱིག་ཤོག་ཕྱིར་བསྡུ་ལག་རྩལ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ལ། ལུད་སྤུང་སྐྱུར་བསྙལ་དང་སྐྱེ་ལྡན་ལུད་རྫས་ལས་སྣོན་ལག་བསྟར་བྱས་པ་དང་། ཆར་བཙོག་དབྱེ་བཞུར་དང་འཕྲུལ་ཆས་ལ་བརྟེན་ནས་བཤང་གཅི་གཙང་སེལ་བྱེད་པ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་འཛུགས་སྐྲུན་བྱས། མིག་སྔར། ཁུལ་ཡོངས་སུ་ཕྱུགས་ཟོག་དང་སྒོ་བྱའི་བཤང་གཅི་བཙོག་བཟོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་གྱ་གསུམ་ཡན་ལ་སླེབས་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སུམ་ཅུའི་བཤང་གཅིའི་བཙོག་བཟོ་ཐག་གཅོད་སྒྲིག་ཆས་ཆ་སྡེབ་ཀྱི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས། རྩྭ་ཐང་གི་སྐྱེ་ཁམས་དང་ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཚད་ལྡན་བཀོལ་སྤྱོད་བྱེད་པ་གཙོ་ཐིག་ཏུ་བྱས་པ་དང་། དམར་ཆུ་དང་བུ་ཧ་ཆུ་བོའི་བཞུར་རྒྱུད་སོགས་ཁྱབ་ཁོངས་གཙོ་བོ་རུ། སྤྱོད་བསྲང་འགུལ་སྐྱོད་དང་ངན་སེལ་འབྲེལ་གཅོད་ཀྱི་མུ་འབྲེལ་ཆེད་དོན་ཁྲིམས་འཛིན་འགུལ་སྐྱོད་སྤེལ་བ་དང་། 2023ལོའི་མཚོ་སྔོན་པོའི་གསེར་ཉའི་སྐྱེ་འཕེལ་བྱ་འགུལ་སྤེལ་ནས། མཚོ་སྔོན་པོའི་གསེར་ཉ་ས་ཡ་གཅིག་ཙམ་ཉ་ཚང་དུ་ལོག་ཏུ་བཅུག་པ་དང་། མཚོ་སྔོན་པོའི་ཆུ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ཐད་ནས་སྐུལ་འདེད་ཀྱི་ནུས་པ་བཏོན།

རིན་ཆེན་མཚོས་བསྒྱུར།