མཚོ་སྔོན་གྱིས་བྱེད་ཐབས་ཉི་ཤུ་སྤྱད་དེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
2024.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཆེར་བསྐྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་ཆེད། ཉེ་ལམ། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་སྒྲིག་བཟོ་དང་པར་འགྲེམ་བྱས་ཏེ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ཞབས་ཞུ་ལེགས་སྒྱུར་བྱེད་པར་བརྟེན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཇུས་གཞི་ཡིས་ཁྲིམས་ལྟར་དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། མཛའ་གཙང་གི་སྲིད་ཚོང་འབྲེལ་བ་ཕྱོགས་ཡོངས་ནས་འཛུགས་པ། དམངས་གཉེར་ཁེ་ལས་ཀྱིས་རང་ངོས་བཅོས་སྒྱུར་དང་འཕེལ་རྒྱས་དང་། སྒྲིག་མཐུན་ཚོང་གཉེར། ཚུལ་སྒྱུར་རིམ་སྤོར་བརྒྱུད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱེད་པ་གཙོ་གནད་དུ་བྱས་ནས། རང་ཞིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན་ཡོད།།

ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགན་ནུས་ལ་རྐང་བཙུགས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་དམངས་གཉེར་དཔལ་འབྱོར་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས། བྱེད་ཐབས་ཉི་ཤུ་སྒྲིག་བཟོ་བྱས་པ་དང་། བྱ་བ་ལག་བསྟར་བྱེད་པའི་འགན་སྲུང་བྱེད་ཐབས་བཞི་ཕྱིར་བཏོན། ཇུས་གཞིའི་ནང་། རང་ཞིང་གིས་ཁེ་ལས་ཀྱི་ཡིད་རྟོན་ཉེན་ཁའི་རིགས་བགར་དོ་དམ་དང་ཡིད་རྟོན་སྐུལ་སློང་ཚོད་འཛིན་ལ་ཤུགས་སྣོན་པ། ཡིད་རྟོན་མཐོར་འདེགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཡིད་རྟོན་གྱི་ཁྱད་སྟོབས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ལྟ་སྐུལ་དོ་དམ་གྱི་ལས་སྲོལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། ཚོང་རའི་ལྟ་སྐུལ་དོ་དམ་ཕན་ནུས་རྒྱུན་མཐུད་ངང་མཐོར་འདེགས་བཏང་སྟེ། ཞིང་ཆེན་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཞེས་གཏན་ཁེལ་གསལ་བོ་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།