ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཞིབ་བཤེར་དང་བླང་བྱ་ནན་མོས་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་ཁག་ཐེག་བྱས།
2024.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས13ནས14ཉིན་བར། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཁུལ་ཁོངས་གཙོ་བོ་དང་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཁེ་ལས་ཁ་ཤས་ལ་སྐྱེ་ཁམས་ཁོར་ཡུག་བྱ་བར་ཆེད་དོན་ཞིབ་བཤེར་བྱས་པ་དང་། ལུགས་རྙིང་ལོ་སར་སྐབས་སུ་འབྲེལ་ཡོད་ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གཉེར་འགན་འཁྲིའི་བྱ་བར་བཏོན་པའི་བླང་བྱ་ལག་བསྟར་ཏན་ཏིག་བྱས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཆེད་དོན་བྱ་བའི་ཚན་ཆུང་གཉིས་བཙུགས་ཏེ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་ནས། སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་བཅོས་སྐྱོང་བཟོ་གྲྭ་དང་པོ་དང་གསུམ་པ། མཚོ་སྔོན་ཧྥོ་ཧའེ་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་ཟི། མཚོ་སྔོན་ཐེན་ཅེན་ཀུའེ་ལས་རིགས་ཚད་ཡོད་ཀུང་ཟི། མེན་ཧོ་རྫོང་གི་བཙོག་ཆུ་བཅོས་སྐྱོང་བཟོ་གྲྭ་སོགས་ཁེ་ལས་བཅོ་ལྔར་སོང་ནས་ཡུལ་དངོས་ཞིབ་བཤེར་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཁེ་ལས་སོ་སོས་ལོ་སར་སྐབས་སུ་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གཉེར་འགན་འཁྲི་ཇི་མ་ཇི་བཞིན་དུ་ལག་བསྟར་དང་། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་དང་དུས་མཉམ་གསུམ་གྱི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། བཙོག་འགྱུར་འགོག་སེལ་སྒྲིག་ཆས་རྒྱུན་ལྡན་འཁོར་སྐྱོད་དང་སྦགས་བཙོག་དངོས་པོ་བརྟན་འཇགས་ངང་ཚད་ལོན་ཕྱིར་གཏོང་ལ་འགན་སྲུང་གང་ལེགས་བྱེད་པ་དང་། ནན་ཏན་སྒོས་རང་འགུལ་ལྟ་ཞིབ་ཚད་ལེན་བྱེད་པ། རང་འགུལ་སྒོས་སྦགས་བཙོག་བཅོས་སྐྱོང་སྒྲིག་ཆས་འཁོར་སྐྱོད་དང་ཚད་ལོན་ཕྱིར་གཏོང་གི་གནས་ཚུལ་ཡོངས་བསྒྲགས་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་དུ་ལེན་དགོས་པ་བཅས་ཀྱི་བླང་བྱ་བཏོན། དུས་ཆེན་སྐབས་ཀྱི་ཉེན་ཁར་གྲལ་བཤེར་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པ་དང། རྫས་གཅིག་དང་མཛོད་གཅིག རིགས་གཅིག་དང་གཙོ་བོ་གཅིག་བཅས་གཙོ་གནད་དུ་བརྩིས་ནས། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁར་གྲལ་བཤེར་ཞིབ་མོ་བྱེད་པ། གནད་དོན་ཡོད་ན་དུས་ཐོག་ཏུ་སྒྱུར་བཅོས་དང་། ཁོར་ཡུག་བདེ་འཇགས་ཀྱི་དོན་རྐྱེན་རིགས་མི་འདྲ་བ་འབྱུང་བར་དོགས་ཟོན་དང་སྔོན་འགོག་ནན་མོ་བྱེད་དགོས། རྒྱུན་ལྡན་དང་དུས་ཆེན་སྐབས་ཀྱི་ལས་རེས་ལས་སྲུང་ལམ་ལུགས་དང་བཀོད་གཏོང་དོ་དམ་ལག་བསྟར་ནན་མོ་བྱེད་པ་དང་། ཁོར་ཡུག་གི་འཕྲལ་བསྟུན་སྦྱོང་བརྡར་དང་དངོས་རྫས་གསོག་འཇོག་ལེགས་པོ་བྱེད་པ། ཁོར་ཡུག་གི་ཉེན་ཁ་སེལ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྤྱི་ཚོགས་ཀྱི་གཙོ་གཉེར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཕྱོགས་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། ཐོན་སྐྱེད་ཚན་རྩལ་ལག་ཤེས་བཟོ་རྩལ་ལེགས་སྒྱུར་དང་། ཐོན་སྐྱེད་སྒྲིག་ཆས་གསར་སྒྱུར། བཙོག་བཅོས་སྒྲིག་བཀོད་ལེགས་སྒྱུར་དང་། ཁེ་ལས་ནང་ཁུལ་གྱི་ཞིབ་ཚགས་ཅན་གྱི་ཁོར་ཡུག་དོ་དམ་ལ་ཤུགས་སྣོན་པ། རྩ་ལག་མཉམ་བཅོས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མི་འདང་སར་ཁ་གསབ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ལུགས་རྙིང་ལོ་སར་རོལ་བར་བདེ་འཇགས་དག་གཙང་གི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།