ས་གནས་སོ་སོས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་ལས་བྱེད་མི་སྣ་བདེ་བླག་ངང་ཕྱིར་ལས་གནས་སུ་ལོག་ཐུབ་པར་འགན་ལེན་བྱས།
2024.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལུགས་རྙིང་ལོ་སར་གྱི་གནང་བ་ཚར་ལ་ཉེ་བའི་སྐབས་སུ། ས་གནས་སོ་སོས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ། ལས་བྱེད་མི་སྣ་དུས་ཐོག་ཏུ་བདེ་བླག་ངང་ཕྱིར་ལས་གནས་སྟེང་ལོག་ཐུབ་པར་འགན་ལེན་བྱས།

ཟླ2པའི་ཚེས17ཉིན་གྱི་ཞོགས་པར། ཡུན་ནན་ཀྲའོ་ཐུང་ཝེ་ཞིན་རྫོང་གི་ལས་བཟོ་པ་ཆིག་སྟོང་ལྷག་མི་དོན་སྡེ་ཁག་གིས་གཏན་འཁེལ་བྱས་པའི་མྱུར་བགྲོད་མེ་འཁོར་ལ་བསྡད་དེ། ཧྲང་ཧའེ་དང་ཀྲེ་ཅང་། ཀོང་ཏུང་བཅས་ཀྱི་ལས་གནས་སྟེང་ཡང་བསྐྱར་ལས་ཀར་ཞུགས་པར་སོང་།

ཁྲུང་ཆིན་ཀྲུང་རྫོང་དང་ཀོས་ཀྲིག་ལྷོ་ནུབ་སོགས་ས་ཁུལ་དུ། “ཕྱིར་ལས་གནས་སུ་ལོག་པའི་ཐད་གཏོང་མེ་འཁོར”ཤར་གཏོང་བྱས་པ་དང་། སྐོར་ཐེངས་དུ་མ་རུ་དགར་ནས་གནམ་གྲུ་གླ་བ་དང་རླངས་འཁོར་གླ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་བྱེད་མི་སྣ་གོ་རིམ་ལྡན་པའི་ངང་ཕྱིར་ལས་གནས་སུ་ལོག་ཏུ་བཅུག སི་ཁྲོན་ཀོང་ཡོན་དང་ཨན་ཧོས་ལིན་ཆོན་དུ་ལས་བྱེད་མི་སྣ་ཕྱིར་ལས་གནས་སུ་ལོག་པའི་ཞབས་ཞུའི་ཡན་ལག་རུ་ཁག་ཆུང་གྲས་འགའ་བཙུགས་ནས། ལས་བྱེད་པར་སྲིད་ཇུས་དྲིལ་སྒྲོག་ནས་ལས་གནས་ངོ་སྤྲོད་སོགས་ཀྱི་ཞབས་འདེགས་ཞུས། ཀན་སུའུ་ཆིན་དབྱང་དང་ཀོང་ཞི་ཧི་ཁྲེ་རུ་འགྲུལ་སྐྱེལ་ཆེད་བཏང་རླངས་འཁོར་དང་མྱུར་བགྲོད་མེ་འཁོར་བཏང་བ་དང་། ཅི་ལིན་ཁྲང་ཁྲུན་དུ་པེ་ཅིང་དང་ཧྲང་ཧའེ་སོགས་སུ་བསྐྱོད་པའི་གནས་སྐབས་མེ་འཁོར་ཉི་ཤུ་ལྷག་ཇེ་མང་དུ་བཏང་སྟེ། ལས་བཟོ་པ་བདེ་བླག་ངང་ཕྱིར་ལས་གནས་སུ་ལོག་ཐུབ་པར་རོགས་རམ་བྱས།

ཧྲང་ཧེ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ངལ་ནུས་ཕྱིར་གཏོང་གི་ཞིང་ཆེན་ཆེ་གྲས་དང་ཁ་གཏད་རོགས་སྐྱོར་བྱ་ཡུལ་དང་སྦྲེལ་མཐུད་གང་ལེགས་བྱས་ནས། ལས་བཟོ་པར“གཅིག་གཏད་གཅིག”གི་ལས་གནས་དོན་འཁྱོལ་བྱས་ཏེ། རང་འགུལ་ངང་འགྲིམ་འགྲུལ་སྟབས་བདེ་སོགས་འདོན་སྤྲོད་བྱས་ནས་ལས་བཟོ་པ་ཕྱིར་ལས་གནས་སུ་ལོག་ཐུབ་པར་འགན་ལེན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།