ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་བདེ་འཇགས་རེད། 
2024.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་བརྟན་འཇགས་ཡིན་པ་དང་། བདེ་འཇགས་ཀྱི་གནས་ཚུལ་བཟང་ལ། མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དག་བདེ་འཇགས་གེགས་མེད་ཡིན་པ་ཞིང་། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་ཡིན་ལ་གོ་རིམ་ལྡན་པ་དང་། དུས་ཆེན་ལ་སྤྲོ་སྐྱིད་དང་འཆམ་མཐུན་གྱིས་རྣམ་པ་མངོན་འདུག 

དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། “ཉེན་ཁ་སྔོན་འགོག་དང་། མི་མངོན་པའི་རྐྱེན་ངན་སེལ་བ། གྱོད་གཞི་ཇེ་ཉུང་དུ་གཏོང་བ། བདེ་འཇགས་འགན་ལེན”བཅས་ཀྱི་ཆེད་དོན་བྱ་སྤྱོད་དམ་འཛིན་ནན་མོ་བྱས་ནས་བྱ་བའི་སྒྲིག་ཁྲིམས་ལག་བསྟར་ནན་མོ་དང་བདེ་སྲུང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་མོ་བྱས་ཏེ་ལོ་སར་སྐབས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་བྱ་བ་རྣམས་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས། ཞིང་ཆེན་ཡོངས་ཀྱིས་སྤྱི་བདེ་དྲག་ཆས་ཉེན་རྟོག་མཉམ་འབྲེལ་མཁོ་སྒྲུབ་ཀྱི་རིམ་པ་དང་པོའི་དྲག་ཆས་སྐོར་ཞིབ་ཞབས་ཞུ་དང་སྤྱི་ཚོགས་ངོས་ཀྱི་རིམ་པ་མཐོ་བའི་སྔོན་འགོག་ཚོད་འཛིན་ཞབས་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ཉིན་རེར་ཆ་སྙོམས་ཉེན་རྟོག་པ་མི་ཐེངས་སུམ་སྟོང་ལྷག་ཙམ་དང་རླངས་འཁོར་ཐེངས་ལྔ་བརྒྱ་ལྷག་ཙམ་བཏང་ནས་སྤྱི་ཚོགས་སྟེང་སྐོར་ཞིབ་བྱས་ཏེ་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་པ་དང་། སྤྱི་བདེ་དྲག་ཆས་ཉེན་རྟོག་མཉམ་འབྲེལ་མཁོ་སྒྲུབ་དྲག་ཆས་སྐོར་ཞིབ་ཚན་ཆུང་ལྔ་བཅུ་དང་སྤྱི་བདེ་སྐོར་ཞིབ་ཚན་ཆུང་བརྒྱ་དང་གསུམ་གྱིས་གཙོ་གནད་ཁུལ་དང་མི་སྣ་འདུ་འཛོམས་ཁུལ་དུ་སྐོར་ཞིབ་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་ཇེ་ཆེར་བཏང་། བྱེད་སྒོ་ཆེ་གྲས་ལ་ཞིབ་བཤེར་ཆོག་མཆན་འགོད་པ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། བདེ་འཇགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་མང་ཚོགས་རང་བཞིན་གྱི་རོལ་རྩེད་བྱེད་སྒོ་བདེ་འཇགས་ཡིན་ལ་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱས། གཞུང་ལམ་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས་ཁྱོན་བསྡོམས་འགྲིམ་འགྲུལ་ཁྲིམས་འཛིན་ཞིབ་བཤེར་ས་ཚུགས་ཉིས་བརྒྱ་ཉེར་དགུ་བཙུགས་པ་དང་། ཉེན་རྟོག་པ་མི་ཐེངས་སྟོང་དགུ་དང་སོ་གཅིག་ལྷག་ཙམ་དང་རླངས་འཁོར་ཐེངས་སྟོང་གཉིས་དང་སུམ་བརྒྱ་དོན་དྲུག་བཏང་ལ། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་འགྲོ་སྐྱོད་བྱེད་ཚད་རླངས་འཁོར་ས་ཡ་གཉིས་དང་འབུམ་གསུམ་ཁྲི་ལྔ་དང་སྟོང་དགུ་ཟིན་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་གེགས་མེད་ཡོང་བར་བྱས་ཡོད། ལྕགས་ལམ་འགྲིམ་འགྲུལ་བདེ་འཇགས་སྐྱེལ་འདྲེན་ལ་ཤུགས་བསྣན་ནས་ཁྱོན་བསྡོམས་ཉེན་རྟོག་པ་མི་ཐེངས་སྟོང་གསུམ་དང་སུམ་བརྒྱ་བཞི་བཅུ་མངགས་ཏེ་ལྕགས་ལམ་གྱི་འགྲུལ་པ་མི་ཐེངས་འབུམ་གསུམ་དང་ཁྲི་གཅིག་གི་འགྲུལ་བཞུད་ལ་འགན་ལེན་བྱས་པ་དང་། ཉེན་ཁ་ཆེ་བའི་དངོས་རྫས་སྟོང་གཅིག་དང་སུམ་བརྒྱ་དང་བཞི་ལ་ཞིབ་བཤེར་ཚོད་འཛིན་བྱས་ཤིང་། གནམ་གྲུ་ཐང་གི་འགྲིམ་འགྲུལ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལ་ཤུགས་བསྣན་ནས་ཁྱོན་བསྡོམས་ཉེན་རྟོག་པ་མི་ཐེངས་བཞི་བརྒྱ་དང་གྱ་དྲུག་མངགས་ནས་གནམ་གྲུ་ཐེངས་གྲངས་སྟོང་གཅིག་དང་བརྒྱ་དང་རེ་གཉིས་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་འབུམ་གཅིག་དང་སྟོང་གཅིག་ལ་འགན་ལེན་བྱས་པར་མ་ཟད། འགྲིམ་འགྲུལ་ཞིབ་བཤེར་ཐེངས་དྲུག་ལ་བྱས་པ་དང་། རླངས་འཁོར་ལ་ཞིབ་བཤེར་ཐེངས་སུམ་བརྒྱ་གྱ་བརྒྱད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གནམ་གྲུ་ཐང་སོ་སོའི་བདེ་འཇགས་ལ་འགན་སྲུང་བརྟན་པོ་བྱས། ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད16བར་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་བཀོད་འདོམས་ལྟེ་གནས་ཀྱིས་ཁྱོན་བསྡོམས་ནུས་ལྡན་གྱི་ཉེན་ཟོན་གནས་ཚུལ་གཙོ་བོ་དང་ལེན་བྱས་པ་དེ་དུས་མཉམ་ལས10%ལྷག་ཇེ་ཉུང་དུ་སོང་ཡོད།

ཤ་བོ་གསེར་མཚོས་བསྒྱུར།