ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ཞོར་ལས་པའི་གླ་ཆ་འདེད་པར་རོགས་འདེགས་བྱས།
2024.02.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས18ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ལོ་མཇུག་ལ་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་འགུལ་འགན་སྒྲུབ་རྒྱུན་འཁྱོངས་དང་། དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་པ། གླ་ཆ་ཆད་པའི་སྣང་ཚུལ་རྩ་བ་ནས་བཅོས་སྐྱོང་བྱེད་པའི་དགུན་དུས་ཀྱི་ཆེད་དོན་བྱེད་སྒོར་ནན་གྱིས་ཞུགས་ཏེ། སྔར་ལས་ལྷག་པའི་ཞིབ་དཔྱོད་འགན་སྒྲུབ་ཀྱིས་ཞིང་པ་ཞོར་ལས་པའི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་པར་རོགས་འདེགས་བྱས།  2023ལོའི་ཟླ11པ་ནས་ད་བར་དུ། རྒྱབ་སྐྱོར་ཞུ་གཏུག་དོན་རྐྱེན་ཁག་བརྒྱ་དང་ཉེར་དྲུག་བདག་སྤྲོད་བྱས་པ་དང་། ཁྲིམས་ཁང་གིས་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་བརྒྱ་ལྷག་དང་ལེན་བྱས་ནས། ཞིང་པ་ཞོར་ལས་པའི་ཆད་ཕོགས་ཁྱོན་བསྡོམས་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་བརྒྱད་ཁྲི་བདུན་ལྷག་ཕྱིར་བླངས།

གླ་ཆ་ཆད་པ་རྩ་བ་ནས་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཆེད། ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས2023ལོའི་ལོ་མཇུག་ཏུ་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། ལོ་མཇུག་དང་ལོ་འགོར་ཞིང་པ་ཞོར་ལས་པའི་གླ་ཆ་འདེད་པའི་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཀྲམས་ཤིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བྱེ་བྲག་གི་འགུལ་སྐྱོད་ཇུས་གཞི་གཏན་འབེབས་དང་། འགན་འཁྲི་གཏན་འཁེལ་དང་། ལས་འགན་དབྱེ་བགོ། ཇུས་འགོད་ཐབས་འཐེན། ལྟ་སྐུལ་གནད་འཁེལ་བྱེད་པའི་བླང་བྱ་བཏོན་ནས། ཁྲིམས་ལྟར་ཞིང་པ་ཞོར་ལས་པར་གླ་ཕོགས་ཆད་འགྱངས་བྱེད་པའི་སྣང་ཚུལ་རྩ་བ་ནས་བཅོས་སྐྱོང་བྱེད་པར་རོགས་འདེགས་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཏེ། ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཡིན་པའི་ཞིབ་དཔྱོད་ཁག་ཁུར་མངོན་པར་བྱས།

ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་གྱིས་གཞི་གྲངས་སྤྱད་ནས་ཚན་རྩལ་གསར་བར་ཞིབ་དཔྱོད་བྱས་པ་དང་། ཧུར་ཐག་གིས་གླ་ཕོགས་ཆད་པའི་གྱོད་གཞིའི་ཁུངས་སྣེའི་གཞི་གྲངས་དཔེ་དབྱིབས་བསྐྲུན་ལ། གཞི་གྲངས་ཀྱི་གདོང་ཐུག་དང་། གདམ་གསེས་དང་རྩིས་རྒྱག་བཅས་ལ་བརྟེན་ནས།  ཁུངས་སྣེ་རྙེད་པ་དང་གྱོད་དོན་ཐག་གཅོད་པར་སྐུལ་འདེད་བྱེད་པའི་ཕན་འབྲས་དངོས་ཐོན་པར་བྱས་ཏེ། གཞི་གྲངས་ཆེན་པོར་བརྟེན་ནས་ཞིབ་དཔྱོད་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་། དེ་དང་མཉམ་དུ། ཧུར་ཐག་གིས་ཞིབ་དཔྱོད་ལྟ་སྐུལ་གྱི་བྱེད་ཐབས་སྣ་མང་སྤྱད་དེ། ཞིང་པ་ཞོར་ལས་པར་གླ་ཕོགས་ཆད་པའི་རྒྱུ་རྐྱེན་གཙོ་བོ་དང་། རྩ་བའི་རང་བཞིན་གྱི་གནད་དོན་བཙལ་ནས། གྱོད་དོན་གྱི་ཁུངས་སྣེའི་འབྱུང་ཁུངས་རྒྱ་བསྐྱེད།

བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། འབྲེལ་ཡོད་འགན་འཁྲི་ཁུར་མཁན་ལ་མཉམ་ལས་རོགས་རེས་བྱེད་པར་མུ་མཐུད་དུ་ཤུགས་བསྣན་པ་དང་། ཁྲིམས་ལྟར་ཞིང་པ་ཞོར་ལས་པའི་གླ་ཆ་འདེད་པར་འབྲེལ་བའི་གྱོད་དོན་བསྒྲུབས་པ་དང་མཉམ་དུ། རྩ་བ་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་། དུས་རབས་གསར་བའི་ཉམས་མྱོང་གསར་བ་འབད་པས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་ཞིབ་དཔྱོད་འགན་སྒྲུབ་ཀྱིས་འགལ་བ་སེལ་ཐབས་སྣ་མང་སྤྱོད་པར་སྐུལ་འདེད་བཏང་བ་དང་། ཞིབ་དཔྱོད་ཁག་ཁུར་གྱིས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བར་འགན་སྲུང་གང་ལེགས་བྱས།

ཁེ་དབང་སྲུང་བའི་ཐབས་ལམ་སྤྱད་པ་དང་། ནང་ཁུལ་གྱི་མཉམ་འགུལ་གཞོགས་འདེགས་དམ་ཟབ་ཏུ་གཏོང་བ། ཞིབ་དཔྱོད་གཞི་གཅིག་ཅན་གྱི་གྱོད་དོན་ཐག་གཅོད་རྐྱེན་སྲོལ་བེད་སྤྱོད་པ་དང་། སྡེ་ཁག་གི་མཉམ་འགུལ་གཞོགས་འདེགས་ལ་ཤུགས་བསྣན་ནས། གླ་ཕོགས་ཆད་པའི་སྣང་ཚུལ་རྩ་བ་ནས་བཅོས་སྐྱོང་བྱེད་པའི་ལྟ་སྐུལ་སྟོབས་ཤུགས་གཅིག་བསྡུས་བྱས།  དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་མི་བཀོལ་བའི་ལས་ཁུངས་ཀྱིས་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བ། ངལ་རྩོལ་པས་ཁྲིམས་སྦྱོང་བ་དང་ཁྲིམས་སྤྱོད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་ཧུར་ཐག་གིས་བསྐྲུན་ནས། ཞིང་པ་ཞོར་ལས་པའི་ཁེ་དབང་སྲུང་བའི་འདུ་ཤེས་དང་ཁེ་ལས་ཀྱིས་ཁྲིམས་སྲུང་བའི་འདུ་ཤེས་ཇེ་མཐོར་བཏང་།

ལྷ་མོ་འཚོས་བསྒྱུར།