ལུགས་རྙིང་ལོ་སར་གྱི་གུང་གསེང་སྐབས་སུ་མི་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་མཚོ་སྔོན་པོར་ཡུལ་སྐོར་ལ་སླེབས།
2024.02.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

2024ལོའི་ལུགས་རྙིང་ལོ་སར་སྐབས་སུ། མཚོ་སྔོན་པོས་བསྡོམས་པས་ཡུལ་སྐོར་པ་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་སྣེ་ལེན་བྱས་པ་དང་། ཚོང་གཉེར་ཡོང་འབབ་སྒོར་འབུམ་དྲུག་དང་ཁྲི་གསུམ་ལས་བརྒལ་ཞིང་། ལུགས་རྙིང་ལོ་སར་གུང་གསེང་སྐབས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ལས་རྒྱུས་ལོན་བྱུང་བ་ལྟར་ན། ལུགས་རྙིང་ལོ་སར་གྱི་གུང་གསེང་སྐབས་སུ། མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་མཚོ་སྔོན་པོའི་འཁྱགས་དར་དང་འཁྱགས་དར་གྱི་སྐྱེ་ཁམས་ལ་ཉུལ་ཞེས་པ་བརྗོད་དོན་བྱས་ནས། ཁྱད་ཆོས་ལྡན་པའི་འཁྱགས་དར་གྱི་ཡུལ་ལྗོངས་རྒྱུན་མཐུད་ངང་དྲིལ་སྒྲོག་བྱས་ཏེ། ཡུལ་སྐོར་པ་མང་བོ་ལྟ་སྐོར་ལ་བཀུག དེ་དང་མཉམ་དུ། མཚོ་སྔོན་པོའི་འགྲམ་གྱི་གསོལ་མགྲོན་ཁང་གིས་ཞག་སྡོད་དང་བོད་ལྭ་གོན་ནས་པར་ལེན་པ། མཚོ་སྐོར་གྱི་ཞོར་དུ་ཤོག་སྦག་གི་མེ་ཏོག་ལ་ལྟ་བ་བཅས་ཀྱི་འཁྱགས་དར་ལྗོངས་ཁུལ་ལ་ཡུལ་སྐོར་དུ་འགྲོ་བའི་སྡེབ་སྒྲིག་ཞབས་ཞུ་འདོན་སྤྲོད་བྱས་པས་ཉོ་ཚོང་གི་ཡོ་ལང་རྣམ་པར་རྒྱས་ཤིང་། ཉིན་རེར་ཆ་སྙོམས་ཀྱིས་ཁང་བ་བརྒྱ་ལྷག་གི་ནང་སྡོད་མཁན་ཡོད་ལ། ལྗོངས་ཁུལ་དུ་ཡུལ་སྐོར་པ་དཀོན་དུས་ཀྱི་འཛད་སྤྱོད་ནུས་པ་སྔོག་འདོན་གང་ལེགས་བྱས། མཚོ་སྔོན་པོའི་དགུན་དུས་ཀྱི་ཡུལ་སྐོར་ཆུ་ཚད་ཇེ་མཐོར་བཏང་བ་དང་།  ཡུལ་སྐོར་ཚོང་གཉེར་ཚོང་རྟགས་ཀྱི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་བཏང་།

ཕྱོགས་ཡོངས་ནས་ལྗོངས་ཁུལ་གྱི་ཞབས་ཞུའི་ཚད་གཞི་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་མཚོ་སྔོན་པོའི་ལྗོངས་ཁུལ་དུ་སྤུས་ཚད་ལྡན་པའི་ཞབས་ཞུ་འདོན་སྤྲོད་དུས་ཚིགས་ཞེས་པའི་ཆེད་དོན་བྱེད་སྒོ་སྤེལ་བའི་ཇུས་གཞི་གཏན་འབེབས་བཟོས་ཤིང་། ལྗོངས་ཁུལ་གྱི་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ཡུལ་སྐོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་བཙུགས་ལ། གཅིག་གྱུར་གྱིས་བདག་སྤྲོད་བྱས་པར་མ་ཟད། ཞུ་གཏུག་བྱས་པ་དང་གློ་བུར་བྱུང་བའི་དོན་རྐྱེན་དག་ཐག་གཅོད་འོས་འཚམ་བྱས།  སྐྱེ་ཁམས་ཡུལ་སྐོར་འགན་ལེན་མ་ལག་དང་འཕྲལ་བསྟུན་རོགས་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་གི་མཚོ་སྔོན་པོའི་སྨན་བཅོས་ཞབས་ཞུ་ས་ཚིགས་བསྐྲུན་ཞིང་། སྨན་བཅོས་རོགས་སྐྱོབ་སྒྲིག་བཀོད་དང་མཐོ་སྒང་གི་གསོ་རླུང་ཁང་སྒྲིག་སྦྱོར་བྱས་པ་དང་། མྱུར་སྐྱོབ་སྨན་བཅོས་དང་རྒྱུན་རྣམ་སྨན་བཅོས་ཞབས་ཞུ་སོགས་འདོན་སྤྲོད་བྱས་ཏེ།  ཡུལ་སྐོར་པར་བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན། དེ་དང་མཉམ་དུ། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཁ་ཇེ་ཚང་དང་། རླངས་འཁོར་འཇོག་ས་རྒྱ་ཇེ་ཆེར་བཏང་སྟེ།  ཡུལ་སྐོར་པས་ཉམས་ལེན་བྱེད་ཚད་ཇེ་མཐོར་བཏང་།

ལྷ་མོ་འཚོས་བསྒྱུར།