མཚོ་ཤར་གྱི་སྤྱི་བདེ་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་ལུགས་རྙིང་ལོ་སར་གྱི་བདེ་སྲུང་བྱ་བ་ལེགས་པོར་བསྒྲུབས།
2024.02.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ལུགས་རྙིང་ལོ་སར་གྱི་སྐབས་སུ། མཚོ་ཤར་གྲོང་ཁྱེར་གྱི་སྤྱི་བདེ་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས་བདེ་སྲུང་བྱ་བར་ཤུགས་བསྣན་པ་དང་།  ཁུལ་ཁོངས་ཀྱི་དྲ་ཁང་དང་། ཁྲུས་ཁང་། སྤྲོ་སྐྱིད་ཁང་། ཆང་ཁང་སོགས་སུ་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁར་གྲལ་བཤེར་ལེགས་བཅོས་བྱེད་པའི་བྱ་བ་གཅིག་བསྡུས་ཀྱིས་སྤེལ་ཏེ། རྐུན་འགོག་དང་། མགོ་གཡོག་མགོ་སྐོར་འགོག་པ། མེ་སྐྱོན་སྔོན་འགོག་སོགས་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱས་ཏེ་སློབ་གསོ་བཏང་བ་དང་།  ཁེ་ལས་ཀྱིས་མིས་འགོག་པ་དང་དངོས་རྫས་ཀྱིས་འགོག་པའི་ཐབས་ལམ་དོན་འཁྱོལ་བྱེད་པར་ལྟ་སྐུལ་ནན་མོ་བྱས་ཤིང་།  ལས་ཞུགས་མི་སྣའི་བདེ་འཇགས་འདུ་ཤེས་མཐོར་འདེགས་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་སྤྲོ་དགའི་ངང་ལུགས་རྙིང་ལོ་སར་རོལ་བར་ལྷིང་འཇགས་འཆམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན།

གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་ཆེད།  ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་སྲུང་བརྟན་སྲུང་བྱ་བའི་ཆེད་དོན་བཀོད་གཏོང་གྲོས་ཚོགས་ཀྱི་དགོངས་དོན་ལ་གཞིགས་ནས། མཚོ་ཤར་བདེ་སྲུང་གིས་ཆུ་ཚོད་ཉེར་བཞིར་ལས་རེས་བྱེད་པ་དང་། འགོ་ཁྲིད་ཀྱིས་སྣེ་ཁྲིད་དང་དོན་དག་གལ་ཆེན་གྱི་དགོངས་སྐོར་སྙན་ཞུ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་པ་དང་། ལས་རེས་མི་སྣ་ཡོངས་ལ་འབྲེལ་གཏུག་བྱེད་ཐུབ་ཅིང་། དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་གང་ལེགས་བྱེད་པ།  བཀའ་ཁྱབ་དུས་ཐོག་ཏུ་གོང་འོག་ལ་འབྱོར་བར་ཁག་ཐེག་བྱས་པ་དང་། གནས་ཚུལ་གལ་ཆེན་དུས་ལྟར་ཡར་ཞུ་དང་རོགས་རེས་དམ་ཟབ་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས། ཆུས་སོ་སོའི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པས་རྐང་ཐང་གིས་ཉེན་ཟོན་སྐོར་ཞིབ་བྱེད་པ་དང་ཉེན་རྟོག་རླངས་འཁོར་ལ་བསྡད་ནས་ཉེན་ཟོན་སྐོར་ཞིབ་བྱེད་པ། ཉེན་རྟོག་པ་འདུག་ས་ནས་ཉེན་ཟོན་སྐོར་ཞིབ་བྱེད་པ་བཅས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ། ཁུལ་ཁོངས་ནང་ཁུལ་གྱི་ལམ་གཙོ་བོ་དང་། རླངས་འཁོར་ས་ཚུགས། ཐང་ཆེན་ཚོང་ར།  རོལ་རྩེད་རྩེ་ས་སོགས་མི་སྣ་འདུས་སྡོད་མང་ས་དང་གྱོད་དོན་འབྱུང་སླ་ས། དེ་མིན་བདེ་སྐྱོང་བྱེད་དཀའ་བའི་ཁྱབ་ཁོངས་སོགས་ལ་ཉེན་ཟོན་སྐོར་ཞིབ་དང་སྔོན་འགོག་ཚོད་འཛིན་བྱ་བ་བསྒྲུབས་པ་དང་། ཉིན་མོ་ཉེན་རྟོག་རླངས་འཁོར་མཐོང་ཞིང་། མཚན་མོ་ཉེན་རྟོག་གློག་བརྡ་མཐོང་བར་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་ཁྲིམས་འགལ་གྱི་བྱ་བ་སྒྲུབ་པའི་བར་སྟོང་ཇེ་ཆུང་དུ་བཏང་ཞིང་། ཉེན་ཟོན་སྐོར་ཞིབ་རྐྱེན་སྲོལ་དང་། སྐར་མ་གཅིག་དང་སྐར་མ་གསུམ། སྐར་མ་ལྔའི་སྐབས་བསྟུན་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ནས།  གློ་བུར་བྱུང་བའི་གནས་ཚུལ་དུས་ལྟར་ཐག་གཅོད་བྱས།

དེ་དང་མཉམ་དུ། འགྲིམ་འགྲུལ་ལམ་ཐིག་ཁག་གཙོ་བོ་དང་དོན་རྐྱེན་མང་བོ་བྱུང་བའི་ལམ་ཐིག་ཁག་གི་འགྲིམ་འགྲུལ་དོ་དམ་བྱ་བར་ཤུགས་བསྣན་པ་དང་། ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་། དུག་རྫས་འཁྱེར་ནས་རླངས་འཁོར་བསྐོར་བ། དཔང་ཡིག་མེད་པར་རླངས་འཁོར་བསྐོར་བ། ཤོང་ཚད་ལས་བརྒལ་ནས་རླངས་འཁོར་བསྐོར་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་སྣང་སྔར་ལས་ཇེ་དྲག་ཏུ་བཏང་།

ལྷ་མོ་འཚོས་བསྒྱུར།