ཁྲི་ཀ་རྫོང་གི་གད་སྙིགས་གཙང་སེལ་བྱ་བ་སྲིད་འཛིན་གྲོང་ཚོ་བརྒྱ་དང་ཉེར་གཉིས་ལ་ཁེབས།
2024.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་རྒྱལ་ཡོངས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་དཔེ་མཚོན་དཔེ་གཞིའི་གྲུབ་འབྲས་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་སྟེ། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱེད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱེད་པ། བྱེད་ཐབས་སོ་སོར་ཤུགས་སྣོན་པ་བཅས་བྱས་ནས། མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་ཚ་རླབས་ཆེན་པོ་ཞིག་བསླངས་པ་དང་། མིག་སྔར་ཁྲི་ཀ་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་བརྒྱ་དང་ཉེར་གཉིས་ལ་གད་སྙིགས་གཙང་སེལ་ཁྱོན་ཡོངས་ནས་ཁེབས་ཡོད་པ་དང་། གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་ང་བརྒྱད་ལ་སླེབས་ཡོད།

ཁྲི་ཀ་རྫོང་གིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དེ་འགངས་ཆེན་དུ་བཟུང་ནས། རྫོང་དང་། ཡུལ་ཚོའམ་གྲོང་རྡལ། གྲོང་ཚོ། སྡེ་ཁུལ། དྲ་མིག་ཅན་བཅས་ཀྱི་རིམ་པ་ལྔ་མཉམ་འགུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། དྲ་མིག་ཅན་གྱི་ཁོར་ཡུག་ཁུལ་དང་། འབྲེལ་གཏུག་བྱ་ཡུལ་གྱི་ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོ། སྡེ་ཁུལ་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་རྒྱུར་ཟུང་འབྲེལ་བྱས་ནས། གཞུང་ལམ་རྒྱུད་དུ་སྡོང་བོ་དང་མེ་ཏོག་འདེབས་འཛུགས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་ཕྱིར་འདོན་དྲ་བ་སྒྱུར་བཀོད་རིམ་སྤོར་སོགས་དམིགས་འབེན་རང་བཞིན་ཆེ་བའི་ལས་གཞི་ཁག་ཅིག་གི་རྨང་གཞིའི་སྟེང་དུ། སྡོང་འཛུགས་ནགས་སྐྲུན་བྱ་བ་དང་ཆུ་འདྲེན་ཆུ་གཏོང་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། མང་ཚོགས་ལ་གཙང་མ་གཙང་རྐྱང་གི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་རྒྱུར་ཤུགས་བསྣན།

གྲོང་ཚོ་གཙང་མ་གཙང་རྐྱང་དུ་བཟོ་བའི་ལས་འགན་གྱི་བླང་བྱ་གཞིར་བཟུང་ནས། གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་བཅོས། གྲོང་ཚོའི་རྣམ་པ་ཡག་སྒྱུར་བཅས་འགག་སྒྲོལ་གྱི་ཁ་ཕྱོགས་གཙོ་བོར་བརྩིས་ཏེ། “ཁྱིམ་ཚང་གིས་གཙང་སྦྲར་དང་དོད་ཆེན་པོ་བྱེད་པ་དང་གྲོང་ཚོས་གད་སྙིགས་མཉམ་སྡུད་བྱེད་པ། ཡུལ་ཚོས་དབོར་འདྲེན་བྱེད་པ། རྫོང་གིས་གཙང་སེལ་བྱེད་པ”བཅས་ཀྱི་རོང་འབྲོག་ས་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་རྣམ་པ་ཁྱོན་ཡོངས་ནས་ཁྱབ་བརྡལ་དུ་བཏང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་སྤྱད་དེ། ལོ་རེར་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ལྷག་བཏང་ནས། ཆེད་ལས་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙང་སྦྲ་ཞབས་ཞུ་ཀུང་ཟི་ནང་འདྲེན་བྱས་ཏེ། རྫོང་མཁར་དང་ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་གཙང་སྦྲ་དང་གད་སྙིགས་གཙང་སེལ་དང་དབོར་འདྲེན། གད་སྙིགས་གནོད་མེད་ཅན་དུ་བཟོ་བ་བཅས་ཀྱི་འགན་ནུས་མཐའ་གཅིག་ཏུ་ཁུར་ནས། གཙང་ལ་གྲལ་དག་པ་དང་ཁྱད་དུ་འཕགས་པ་བཅས་ཀྱི་མི་སྡོད་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།  དུས་མཚུངས་སུ། མིའི་འཚོ་སྡོད་ཁོར་ཡུག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཚན་ཆུང་བཙུགས་ནས། ཁོར་ཡུག་ལེགས་བཅོས་བྱ་བར་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ངན་ཕྱོགས་ཀྱི་དཔེ་མཚོན་ཁག་གཅིག་དམར་རྗེན་དུ་བཏོན་པ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། བྱ་བ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་འཚོ་སྡོད་ཁོར་ཡུག་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཞིབ་ཕྲ་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ཡོད།

གཞན་ཡང་ཁྲི་ཀ་རྫོང་གིས་སྨྱན་བྱད་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་སྲོལ་ལེགས་པོ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་བཏང་བ་དང་། གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་སྔར་ལས་འཐུས་ཚང་དུ་བཏང་། མི་སྡོད་ཁོར་ཡུག་གི་སྐར་གསོག་ཚོང་ཁང་དང“མིང་ཐོ་ནག་པོ”སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། “ལྗང་མདོག་གི་སྒོ་ར”དང“ཆེས་གཙང་བའི་སྒོ་ར”། “དག་གཙང་གི་དཔེ་སྟོན་ར་སྐོར”སོགས་ཀྱི་དཔྱད་འདེམས་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ། མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དེ་ཐོན་སྐྱེད་དང་འཚོ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། བདེ་ཐང་དཔལ་ཡོན་དང་ཡར་རྒྱས་བརྩོན་ལེན་གྱི་རྣམ་པ་བཟང་པོ་ཞིག་འབད་པས་སྐྲུན་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།