མཚོ་བྱང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྟོང་ཝ་ཁྲི་སྟོང་རིམ་པའི་དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་བསྐྲུན།
2024.02.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས16ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁོངས་ཀྱི་རྒྱལ་ལམ315ཡི་རི་སྒང་སྟེང་། རླུང་ཤུགས་གློག་འདོན་འཕྲུལ་ཆས་རེ་རེ་གོ་རིམ་ཡོད་པར་བསྟར་ཡོད་ལ། རླུང་གཤོག་དཀར་པོ་རླུང་ལ་བརྟེན་ནས་དལ་མོར་འཁོར་གྱིན་ལྗང་མདོག་གི་གློག་ནུས་བརྒྱུད་སྐྱེལ་བྱས་ཏེ་ཐཱན་ཉུང་ཕྱིར་གཏོང་ཐད་རོགས་ཤུགས་འདོན་བཞིན་ཡོད།

ཉེ་བའི་ལོ་འདི་འགར། མཚོ་བྱང་ཁུལ་གྱིས་རང་སྟེང་གི་ནུས་ཁུངས་ཐོན་ཁུངས་ཀྱི་དོན་དངོས་ལ་རྐང་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོ་དང་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་བའི་འགྱེད་འཕྲོ་ཁུལ་གསར་འབྱེད་དང་། རྗེས་གྲབས་ཁུལ་གཏན་ཁེལ་བྱེད་པའི་བྱ་བ་དམ་འཛིན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ནས། ནུས་ཤུགས་ཡོད་རྒུས་སྟོང་ཝ་ཁྲི་སྟོང་རིམ་པའི་དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་བསྐྲུན་པར་གཟི་འོད་གསར་བ་བསྣན།

ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱས་པའི་ཚུན་ལ། བསྡོམས་པས་དག་གཙང་ནུས་ཁུངས་ཀྱི་རྣམ་གྲངས་དྲུག་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་ཐེར་འབུམ་གཉིས་དུང་ཕྱུར་དྲུག་ཡོངས་འགྲུབ་བྱས་ལ། རྫོང་བཞི་པོ་རྒྱལ་ཡོངས་ཀྱི་རྫོང་ཧྲིལ་བོའི་ཁང་ཀླད་དུ་ཉི་འོད་གློག་ནུས་ཁྱབ་གདལ་གཏོང་བའི་ཚོད་ལྟའི་རྫོང་ཁོངས་སུ་ཚུད། དག་གཙང་ནུས་ཁུངས་ཀྱི་སྤྱིའི་འཕྲུལ་ཆས་སྒྲིག་སྦྱོར་གཞི་ཁྱོན་སྟོང་ཝ་ས་ཡ་གཅིག་དང་འབུམ་བཞི་ལས་བརྒལ་བ་དང་། ད་ལྟ་འཛུགས་སྐྲུན་བྱེད་ཀྱིན་པའི་རྣམ་གྲངས་ཀྱི་སྤྱིའི་འཕྲུལ་ཆས་སྒྲིག་སྦྱོར་གཞི་ཁྱོན་སྟོང་ཝ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་ལྔ་སྟོང་གཉིས་ལས་བརྒལ་ཡོད་ལ། འཛུགས་སྐྲུན་འཆར་འགོད་སྟོང་ཝ་ས་ཡ་དྲུག་ལས་བརྒལ་ཡོད། དེ་ལས་གཞན། འོད་ནུས་དང་དབུལ་སྐྱོར་མཉམ་རྒྱལ་གྱི་རྣམ་པ་འཚོལ་ཞིབ་དང་དེར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྡེ་བ་རིམ་པའི་འོད་ནུས་གློག་འདོན་ས་ཚུགས་ལྔའི་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པར་མ་ཟད་གློག་བཏོན་པས། སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱུང་། ཡུལ་བབ་དང་བསྟུན་ནས་གློག་ནུས་ཚབ་བྱེད་དང་། ཚ་གློག་མཉམ་ཐོན། མཁའ་དབུགས་ནུས་པ་སོགས་དག་གཙང་དྲོད་འདོན་ལག་རྩལ་ཁྱབ་སྤེལ་བཏང་སྟེ། རོང་འབྲོག་ཁུལ་དུ་ཉི་འོད་ནུས་པའི་དྲོད་འདོན་ཁང་བ་དང་། གློག་གི་ཚ་ཐབ་སོགས་དག་གཙང་དྲོད་འདོན་རྣམ་གྲངས་ལག་བསྟར་བྱས་པས། དག་གཙང་ནུས་ཁུངས་འཕེལ་རྒྱས་སོང་བ་ལས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕན་པ་བསྐྲུན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།