ལོ་སར་སྐབས་སུ་མཚོ་ལྷོ་རུ་ཡུལ་སྐོར་མགྲོན་པོ་དང་ཡོང་འབབ་མཉམ་འཕར་བྱུང་།
2024.02.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའིཚེས19ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་སྐབས་སུ། མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཚོང་ར་གཟེངས་སུ་ཐོན་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད།

ལོ་སར་གྱི་གུང་གསེང་སྐབས་སུ། ཁུལ་ཡོངས་སུ་འགྲུལ་པ་ཐོན་ཚད་མི་ཐེངས་འབུམ་གཅིག་ཁྲི་བཞི་སྟོང་བརྒྱད་བཞི་བརྒྱར་སླེབས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་གཉིས་འཕར་ཞིང་།  ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་ལྔ་དང་ས་ཡ་བཞི་འབུམ་བདུན་ལ་སླེབས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་བརྒྱད་ཅུ་དང་གྲངས་ཆུང་ལྔ་འཕར། དེའི་ཁྲོད། ཁུལ་ཡོངས་ཀྱི་ལྗོངས་ཁུལ་སོ་སོས་བསྡོམས་པས་ཡུལ་སྐོར་མགྲོན་པོ་མི་ཐེངས་ཁྲི་བཞི་དང་སྟོང་གཉིས་སྣེ་ལེན་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་དགུ་འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་ས་ཡ་བཞི་འབུམ་དྲུག་ཁྲི་གསུམ་དང་སྟོང་དགུ་མངོན་འགྱུར་བྱས་ཤིང་། དེ་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་བཞི་འཕར།

མཚོ་ལྷོ་ཁུལ་གྱི་ཁུལ་དང་རྫོང་རིམ་པའི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གིས་རྩ་འཛུགས་དང་འཆར་འགོད་ཞིབ་ཚགས་བྱས་ཏེ། ལོ་སར་སྐབས་ཀྱི་དམངས་སྲོལ་དང་། ཁངས་དར་ཡུལ་སྐོར། ལོ་སར་གྱི་གློག་ཞུ། སེང་འབྲུག་མཆོང་རྩེད། རྒྱ་འཆམ། སྲོལ་རྒྱུན་མདའ་འཕེན། རིག་རྩལ་འཁྲབ་སྟོན་སོགས་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་སྤེལ། ལྷག་པར་དུ་གུང་ཧོ་རྫོང་གི་བྱེ་ཐང་ཡུལ་སྐོར་སྤྲོ་སྐྱིད་གླིང་གི་རྨ་ཆུའི་གློག་འོད་དུས་ཆེན་སྐབས་དང་པོ་དང་། ཁྲི་ཀ་རྫོང་གི་སྨི་བརྒྱའི་གཡུ་འབྲུག་སྐོར་རྩེད་དང་རྒྱ་འཆམ་འཁྲབ་སྟོན། ཁྲི་ཀའི2024ལོའི་ལུགས་རྙིང་ལོ་སར་གྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར། 2024ལོའི་སྐབས་གསུམ་པའི་སེང་འབྲུག་མཆོང་རྩེད་ཀྱི་འགྲན་སྡུར་ཆེན་པོ་སོགས་སྤེལ་བ་ལས། ལོ་སར་གྱི་སྣང་ཚུལ་སྟུག་པོ་ཞིག་གྲུབ་པར་བྱས་ཤིང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། རྣམ་པ་སྣ་ཚོགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་གྱིས་ཡུལ་སྐོར་འཛད་སྤྱོད་ཇེ་མཐོར་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།