འབད་བརྩོན་ཆེན་པོས་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་དགོས།
2024.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དམངས་གཉེར་དཔལ་འབྱོར་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་མཚོ་སྔོན་ནས་རྐང་ཚུགས་ཐུབ་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། ཚོང་ལས་ལ་མཐོང་ཆེན་བྱེད་པ་དང་ཚོང་ལས་བརྟན་འཇགས་སུ་གཏོང་བ། ཚོང་པ་སེམས་བདེ་རུ་འཇུག་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་སེམས་ཁུར་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གྲུབ་པར་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཡིད་ཆེས་མཐོར་འདེགས་དང་། དམངས་གཉེར་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། འབད་བརྩོན་ཆེན་པོས་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་གསར་འབྱེད་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་བར་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་བོ་བཏབ་སྟེ། དམངས་གཉེར་དཔལ་འབྱོར་གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། དམངས་གཉེར་དཔལ་འབྱོར་གྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་མཛད་ཅིང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  མཚོ་སྔོན་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་བྱེད་ཐབས་ནན་ཏན་སྒོས་དངོས་འབེབས་བྱས་ལ། ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དང་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སྒྱུར་བྱས་པ་དང་།  ནུས་ཤུགས་ཡོད་རྒུས་དམངས་གཉེར་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་གཞི་ཁྱོན་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་ཡོད།

བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས་ན། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་དར་རྒྱས་སུ་གཏོང་བ་ལས་ཉམ་ཞན་དུ་འགྲོ་རུ་འཇུག་མི་རུང་ལ། གར་སྟེགས་སྔར་ལས་ཡངས་པོ་རུ་བསྐྱོད་ཐུབ་པར་བྱེད་དགོས། མིག་སྔར། མཚོན་སྔོན་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དེ་སྤུས་ཚད་དང་གྲངས་ཚད་གཉིས་ཐད་ནས་འཕེལ་བའི་གོ་རིམ་གལ་ཆེན་ཞིག་ཏུ་གནས་ཡོད། དམངས་གཉེར་དཔལ་འབྱོར་གྱི་སྤྱི་གྲངས་ཉུང་ཞིང་གཞི་རྒྱ་ཆུང་བ། སྒྲིག་གཞི་མི་ལེགས་པ་བཅས་ནི་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་ཐད་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པས་འཕེལ་རྒྱས་ཐད་ནས་ད་དུང་འགྲན་རྩོད་དང་དཀའ་ཁག་ལ་འཕྲད་ཡོད ། ང་ཚོས་ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཏང་གིས་དམངས་གཉེར་དཔལ་འབྱོར་བྱ་བར་འགོ་ཁྲིད་པར་ཤུགས་བསྣན་ཏེ། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཡོ་འགུལ་གཏན་ནས་མི་བྱེད་པ་གཉིས་དང་། བདེ་ཐང་གཉིས་ཀྱི་བྱེད་ཐབས་སྲིད་ཇུས་མཐའ་གཅིག་ཏུ་དངོས་འབེབས་བྱེད་དགོས། ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བའི་སྲིད་ཇུས་བྱེད་ཐབས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ་ཚོང་ལས་ལ་མཐོང་ཆེན་བྱེད་པ་དང་།  ཚོང་པ་སེམས་བདེ་རུ་འཇུག་པ། ཚོང་པར་མཛའ་མཐུན་བྱེད་པ། ཚོང་པར་དྲོད་ཁོལ་སྦྱིན་པ། ཚོང་པར་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་དངོས་འབེབ་དོན་འཁྱོལ་བྱེད་དགོས། ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་བསམ་ཕྱོགས་གཅིག་གྱུར་དང་འདུ་ཤེས་གཅིག་སྡུད་བྱས་ཏེ། ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་དམ་འཛིན་བྱེད་པའི་བྱ་བའི་ཁྲིད་ཕྱོགས་གསལ་བོ་འཛུགས་དགོས་ཤིང་། བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་འཕེལ་རྒྱས་ཀྱི་གནས་བབ་ལ་སྟངས་འཛིན་ནན་མོ་བྱེད་དགོས་ལ། འཕེལ་རྒྱས་ཀྱི་ངེས་ཤུགས་སྲུང་འཛིན་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། དམངས་གཉེར་ཁེ་ལས་ལ་སྣེ་ཁྲིད་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་གཡུལ་ས་གཙོ་བོར་ཧུར་ཐག་གིས་ཞུགས་སུ་འཇུག་དགོས། ངེས་པར་དུ་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པོར་བསྒྱུར་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག》དངོས་འབེབས་ཞིབ་མོ་བྱེད་དགོས་ཤིང་། མི་མངོན་པའི་བཀག་རྒྱ་གཏོར་བ་དང་། འཕེལ་རྒྱས་ཀྱི་འགོག་རྐྱེན་སྣ་ཚོགས་འབད་པས་སེལ་ནས།  ཧུར་ཐག་གིས་མཛའ་གཙང་གི་སྲིད་ཚོང་འབྲེལ་བ་གསར་བ་འཛུགས་དགོས། ཁེ་ལས་ལ་རོགས་རམ་བྱེད་པ་དང་ཕན་པ་བསྐྲུན་པའི་སྲིད་ཇུས་དངོས་འབེབས་བྱེད་པ་དང་། ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བ། རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་པ། མ་དངུལ་གྱི་དཀའ་གནད་ཐག་གཅོད་པ། སྒེར་ཚོང་གཉེར་མཁན་ལ་དོ་སྣང་བྱེད་པ་བཅས་ཕྱོགས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། དམངས་གཉེར་ཁེ་ལས་ཀྱི་དོགས་གཞི་སེལ་ནས་སྤོབས་པ་ཆེན་པོས་འཕེལ་རྒྱས་སུ་གཏོང་དུ་འཇུག་དགོས། 

དམངས་གཉེར་དཔལ་འབྱོར་ཇེ་ལེགས་སུ་སོང་ན་ད་གཟོད་མཚོ་སྔོན་ཇེ་ལེགས་སུ་འགྲོ་བ་དང་། མཚོ་སྔོན་འཕེལ་རྒྱས་ཕྱིན་ན་དམངས་གཉེར་དཔལ་འབྱོར་ད་གཟོད་སྔར་ལས་ཇེ་ལེགས་སུ་འགྲོ་ཐུབ་པ་དེ་ལག་ལེན་ལས་ར་སྤྲོད་བྱས་ཡོད།  མདུན་སྐྱོད་ཀྱི་ལམ་བུའི་སྟེང་། དམངས་གཉེར་ཁེ་ལས་ཀྱིས་མུ་མཐུད་དུ་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་བརྩེ་སེམས་བཅངས་ནས། གསར་སྤེལ་ལྷོད་མེད་དང་། གསར་གཏོད་ལས་སྐྲུན། ཡིད་ཆེས་མཐོར་འདེགས་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གསོན་ཤུགས་སྔར་ལས་བསྐྱེད་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་སྒུལ་ནུས་ཆེན་པོ་སྣོན་དགོས། 

རིག་འཛིན་སྒྲོལ་མས་བསྒྱུར།