མཚོ་སྔོན་གྱིས་ལས་དོན་ལས་ཁུངས་ལ་ལས་མི་སྟོང་གཅིག་དང་བརྒྱ་དང་བཅུ་དྲུག་བསྡུ་རྒྱུ་རེད།
2024.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས2024ལོར་ཞིང་ཆེན་ཐད་གཏོགས་ལས་དོན་ལས་ཁུངས་དང་། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ལས་དོན་ལས་ཁུངས་ཀྱི་ལོ་འཁོར་རྒྱུན་ལྡན་ཡོངས་བསྒྲགས་གདན་ཞུའི་སྤྱི་བསྒྲགས་སྒྲོག་སྤེལ་བྱས་པ་དང་། ཐེངས་འདིར་སྤྱི་ཚོགས་སྟེང་ཁ་ཕྱོགས་ཏེ་ཁྱོན་བསྡོམས་ལས་དོན་ལས་ཁུངས་ལ་ལས་མི་སྟོང་གཅིག་དང་བརྒྱ་དང་བཅུ་དྲུག་ཡོངས་བསྒྲགས་ཀྱིས་བསྡུ་འགུག་བྱ་རྒྱུ་རེད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་བའི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་།  ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཧུར་ཐག་གིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་སྦས་ཤུགས་སྔོན་འདོན་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས་ནས།  མཐོ་རིམ་མཐར་ཕྱིན་སློབ་མར་ལས་གནས་སྔར་ལས་མང་བོ་འདོན་སྤྲོད་བྱས།  རྒྱུས་ལོན་བྱས་པ་ལྟར་ན། 2024ལོའི་ལོ་ཧྲིལ་བོར་མི་སྟོང་གསུམ་ཡོངས་བསྒྲགས་ཀྱིས་བསྡུ་འགུག་བྱ་རྒྱུ་རེད།  མིག་སྔར། ཞིང་ཆེན་ཡོངས་ཀྱིས་སྒྲོག་སྤེལ་བྱས་པའི་ལས་དོན་ལས་ཁུངས་ཀྱི་ལས་གནས་ཁྲོད།  ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་བསྡུ་འགུག་ལས་གནས་སུམ་བརྒྱ་གྱ་བདུན་སྒྲོག་སྤེལ་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ལས་དོན་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་བསྡུ་འགུག་ལས་གནས་བདུན་བརྒྱ་དང་ཉེར་དགུ་སྒྲོག་སྤེལ་བྱས།  ཐེངས་འདིའི་ཡོངས་བསྒྲགས་བསྡུ་འགུག་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས།  གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སོ་སོར་ཁ་གཏད་ཡོད་ཅིང་།  ཞིང་ཆེན་ཡོངས་ལ་ཁ་ཕྱོགས་པའི་ཁྱབ་ཁོངས་སུ་རང་ཞིང་གི་ཐེམ་ཐོ་ཡོད་མཁན་དང་། རང་ཞིང་གི་སློབ་ཁུངས་ཡིན་པ། རང་ཞིང་གི་སློབ་གྲྭའི་མཐར་ཕྱིན་སློབ་མ། རང་ཞིང་དུ་ཞབས་ཞུ་སྒྲུབ་པའི་རོགས་སྐྱོར་གསུམ་དངདབུལ་སྐྱོར་གཅིག་གི་འཆར་གཞི་སོགས་རིགས་གསུམ་པའི་གཞི་རིམ་ཞབས་ཞུའི་རྣམ་གྲངས་སློབ་མ། རང་ཞིང་དུ་དམག་ཞབས་དུས་ཡུན་ལོངས་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་བཅས་འདུ།  དཔྱད་ཞིབ་གདན་བཀོལ་དང་རྒྱུགས་ལེན་གདན་བཀོལ་གྱི་བྱེད་ཐབས་རིགས་གཉིས་སྤྱོད་རྒྱུ་རེད། རྒྱུགས་ལེན་གདན་བཀོལ་གྱི་ལས་གནས་ལ་ལས་མི་བསྡུ་སྐབས་གདན་འགུག་བརྡ་འཕྲིན་སྤེལ་བ་དང་། དྲ་ཐོག་ནས་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཡུལ་དངོས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད།  རྟོག་ཞིབ།  ཡོངས་བསྒྲགས། གདན་བསྐོས་འགྲོ་ལུགས་བསྒྲུབ་པ་སོགས་རིམ་པ་བཞིན་བསྒྲུབ་རྒྱུ་རེད། དཔྱད་ཞིབ་གདན་བཀོལ་གྱི་ལས་གནས་ལ་ལས་མི་བསྡུ་སྐབས་ཞིབ་ཕྲའི་བསྡུ་འགུག་གོ་རིམ་དེ་མི་བཀོལ་ལས་ཁུངས་དང་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱས་པའི་དཔྱད་ཞིབ་གདན་བཀོལ་གྱི་ཇུས་གཞི་ལྟར་ལག་བསྟར་བྱ་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།