མེ་འགོག་སྡེ་ཁག་གིས་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་བཤམ་པའི་མེ་འགོག་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།
2024.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ། སྐུ་འབུམ་དགོན་པའི་རྒྱ་ལོ་སྨོན་ལམ་གྱི་མེ་ཏོག་མཆོད་པ་བཤམ་སྐབས་ཀྱི་མེ་འགོག་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། ཞིང་ཆེན་མེ་འགོག་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་སྔོན་ལ་བཀོད་སྒྲིག་བྱས་ཏེ། སྐུ་འབུམ་དགོན་པའི་རྒྱ་ལོ་སྨོན་ལམ་གྱི་མེ་ཏོག་མཆོད་པ་བཤམ་པའི་སྐབས་ཀྱི་མེ་འགོག་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

ཞིང་ཆེན་ཡོངས་ཀྱི་མེ་འགོག་སྡེ་ཁག་གིས་མེ་འགོག་རྐང་འཛིན་པ་བདམས་ནས་ཞིབ་བཤེར་ཚན་ཆུང་བཞི་བཙུགས་ཏེ། ལྗོངས་ཁུལ་ནང་གི་དགོན་པའི་འདུ་ཁང་དང་། གྲྭ་ཤག ཐང་ཆེན་བརྒྱུད་ལམ་དང་མཐའ་འཁོར་སྲང་ལམ་འགྲམ་གྱི་ཚོང་ཁང་བཅས་ལ་སྔོན་ལ་ཞིབ་བཤེར་གང་ལེགས་བྱས་ཏེ། གནད་དོན་ཡོད་སར་ལེགས་བཅོས་ཀྱི་བསམ་འཆར་བཏོན་པ་དང་། དུས་ཐོག་ཏུ་མེ་སྐྱོན་གྱི་མི་མངོན་པའི་ཉེན་ཁ་སེལ་དགོས་པའི་བཀའ་ཕབ་སྟེ། ཚད་ཆེས་ཆེ་བའི་སྒོ་ནས་མེ་སྐྱོན་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་བཏང་།   སྐུ་འབུམ་དགོན་པས་རྒྱ་ལོ་སྨོན་ལམ་གྱི་མེ་ཏོག་མཆོད་པ་བཤམ་སྐབས་མི་ཚོགས་མང་བའི་ཁྱད་ཆོས་ལ་དམིགས་ནས། མེ་འགོག་སྡེ་ཁག་གིས་དགོན་པར་མཛུབ་སྟོན་བྱས་ནས་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་བཏང་བ་དང་། གྲྭ་པ་རྣམས་རྩ་འཛུགས་བྱས་ཏེ་ཉེན་བརྡ་གཏོང་བ་དང་། མེ་གསོད་པ། མི་ཚོགས་ཁ་འགྲེམ་པ་སོགས་ཀྱི་དངོས་སྦྱོང་བྱས་པར་མ་ཟད། མེ་འགོག་ས་ཚུགས་ཆུང་བའི་མི་སྣར་མེ་གསོད་སྒྲིག་ཆས་ཡང་དག་པར་སྤྱོད་ཚུལ་སོགས་ཀྱི་ཐད་ཡུལ་དངོས་ནས་གསོ་སྦྱོང་བྱས། དེ་དང་མཉམ་དུ། མེ་འགོག་མྱུར་སྐྱོབ་མི་སྣས་དགོན་པའི་གནས་གཙོ་བོ་དག་ལ་དམིགས་ནས་མེ་གསོད་མྱུར་སྐྱོབ་དང་མི་ཚོགས་ཁ་འགྲེམ་གྱི་སྦྱོང་བརྡར་བྱས་པ་དང་། མེ་གསོད་མྱུར་སྐྱོབ་ཀྱི་སྔོན་ཇུས་བཟོ་བཅོས་བྱས་ཏེ། གློ་བུར་བའི་གནས་ཚུལ་འབྱུང་སྐབས་མྱུར་དུ་གྲ་སྒྲིག་དང་། མཉམ་ལས་དམ་ཟབ།  སྐབས་བསྟུན་བརྡ་གཏོང་དང་ནུས་ལྡན་ཐག་གཅོད་བྱེད་ཐུབ་པར་ཁག་ཐེག་བྱས།

གཞན་མེ་འགོག་སྡེ་ཁག་གིས་དྲིལ་སྒྲོག་བྱེད་ཐབས་སྣ་མང་ལེགས་པར་སྤྱད་དེ། སྐུ་འབུམ་དགོན་པ་དང་དེའི་མཐའ་འཁོར་ཁུལ་ཁོངས་ཀྱི་མེ་འགོག་བདེ་འཇགས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན། དྲིལ་སྒྲོག་རྒྱུ་ཆ་འགྲེམ་པ་དང་། དྲིལ་སྒྲོག་བརྡ་ཁྱབ་སྦྱོར་བ་སོགས་ཀྱི་རྣམ་པ་བརྒྱུད་ནས། གྲྭ་པ་དང་། ཡུལ་སྐོར་པ། མཐའ་འཁོར་གྱི་སྡོད་དམངས་བཅས་ཀྱི་མེ་འགོག་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང་།

ལྷ་མོ་འཚོས་བསྒྱུར།