མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་བསྐྱོད་པའི་བྱེད་སྒོ་ཚེས་ཉེར་དྲུག་ཉིན་འགོ་རྩོམ་རྒྱུ་རེད།
2024.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས23ཉིན། གསར་འགོད་པས2024ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་བསྐྱོད་པའི་བྱེད་སྒོའི་སྐུལ་སློང་གསོ་སྦྱོང་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཡུན་ཟླ་གཅིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་བསྐྱོད་པའི་བྱེད་སྒོ་ཚེས26ཉིན་འགོ་རྩོམ་རྒྱུ་རེད། ཞིང་ཆེན་ཡོངས་ནས་བཀོད་སྒྲིག་བྱས་པའི་དྲིལ་སྒྲོག་ལས་བྱེད་པ་དང་ཧྲུའུ་ཅི་དང་པོ། སྡེ་སྡོད་བྱ་བའི་ཚན་ཆུང་སོགས་མཉམ་དུ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་ནས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་དང་པོའི་དགོངས་དོན་རྒྱ་ཁྱབ་ངང་གཏིང་ཟབ་ཏུ་དྲིལ་སྒྲོག་བྱེད་པ་དང་། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་ཁྱབ་བརྡལ་དུ་བཏང་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཞིང་གསུམ་གྱི་གཙོ་གནད་བྱ་བར་སྐུལ་འདེད་བཏང་ནས་ལག་བསྟར་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་བསྐྱོད་པའི་བྱེད་སྒོས་སློབ་པ་གཅིག་དང་སྐུལ་འདེད་གཏོང་དགོས་པ་གསུམ་བརྗོད་དོན་དུ་བྱེད་རྒྱུ་རེད། སྲིད་ཇུས་སློབ་པ་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་དང་པོའི་དགོངས་དོན་སོགས་སྒྲོག་འགྲེལ་བྱེད་པ། ལྷག་པར་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ས་ཞིང་ལ་སྲུང་སྐྱོབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཏང་གི་ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་ཞིང་པར་ཕྱུག་པོར་བསྒྱུར་བ། ཞིང་པར་ཕན་པའི་སྲིད་ཇུས་དང་བྱེད་ཐབས་ཇི་མ་ཇི་བཞིན་དུ་ཞིང་གྲོང་དང་འབྲོག་ཁུལ། ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་དྲིལ་སྒྲོག་བྱེད་དགོས། ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་སྟེ་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་པར་དམིགས་ནས་ས་བོན་དང་ལུད་རྫས་སོགས་ཞིང་ལས་རྒྱུ་ཆ་དང་ཕྱུགས་ལས་ཀྱི་ཐོན་སྐྱེད་དང་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་སོགས་ཀྱི་དངོས་ཡོད་གནད་དོན་མཐུན་སྦྱོར་སྒོས་ཐག་གཅོད་དགོས། འཆམ་མཐུན་ལ་སྐུལ་འདེད་གཏོང་བ་སྟེ་དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་ལ་སློབ་སྦྱོང་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བླང་བྱར་དམིགས་ནས་གྲོང་གསེབ་བཅོས་སྐྱོང་གི་ཉམས་ཞན་ས་བཙལ་ནས་སྡེ་བའི་ཨུ་ལྷན་གཉིས་ལ་རོགས་འདེགས་བྱས་ནས་ཞབས་ཞུ་དང་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བདེ་འཇགས་སྲུང་མཁན་ཡོད་པ་དང་འགལ་བ་ཐག་གཅོད་མཁན་ཡོད་པ། དཀའ་ཁག་སེལ་མཁན་ཡོད་པ། དགོས་མཁོ་སྒྲུབ་མཁན་ཡོད་པར་འགན་སྲུང་བྱེད་དགོས། དར་སྤེལ་ལ་སྐུལ་འདེད་གཏོང་བ་སྟེ་སྡེ་བའི་ཨུ་ལྷན་གཉིས་ལ་རོགས་འདེགས་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བ་ཡོད་པར་བྱེད་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་ལམ་འཚོལ་ཞིབ་བྱས་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་སྟེང་ཤུགས་སྣོན་པ་དང་བྱེད་ཐབས་སྤྱད་དེ་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་ནས་འདེབས་འཛུགས་ལས་རིགས་དང་ར་བའི་དཔལ་འབྱོར། གྲོང་གསེབ་མགྲོན་ཁང་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཐོན་ལས་ཀྱི་སྣ་འཛོམས་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས།

གྲོང་གསེབ་བྱེད་སྒོར་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་ཆེད། གྲོས་ཚོགས་སྟེང་གྲོང་གསེབ་ཏུ་བསྐྱོད་པའི་ལས་བྱེད་པས་རྟེན་གཞི་གསར་གཏོད་དང་ཕུན་སུམ་ཚོགས་པར་བྱས་ནས་དྲིལ་སྒྲོག་བྱེད་ཐབས་རྒྱ་བསྐྱེད་པ་དང་། རོང་འབྲོག་ཁུལ་དུ་བསྐྱོད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་གཅིག་བསྡུས་སྒོས་དྲིལ་སྒྲོག་དང་བརྗེ་རེས་བྱས་ནས་སྒྲོག་འགྲེལ་གྱི་ཕན་འབྲས་དང་ཁྱབ་རྒྱ་མཐོར་འདེགས་གཏོང་རྒྱུ་རེད། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེ་ལག་བསྟར་བྱེད་པའི་ཞིབ་ཕྲའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། རོང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་འཐུང་མཉམ་འདུག་བྱེད་པ་ལས་གཞི་རིམ་ལ་གནོན་ཤུགས་སྟེར་མི་རུང་བར། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ནན་འགོག་བྱ་དགོས།

མི་ཕམ་མགོན་པོས་བསྒྱུར།