མཚོ་སྔོན་གྱི་དཔྱིད་འདེབས་ཐོན་སྐྱེད་འགོ་བརྩམས།
2024.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། དཔྱིད་འདེབས་བྱ་བ་གོ་རིམ་ལྡན་པའི་ངང་ཤར་ནས་ནུབ་ཕྱོགས་སུ་བྲེལ་འཚུལ་ངང་སྤེལ་བཞིན་ཡོད་ལ། མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཧཱ་ལ་ཀྲི་ཀུག་ཡུལ་ཚོའི་སྡེ་བ་ཁ་ཤས་ཀྱིས་དཔྱིད་འདེབས་ཀྱི་འགོ་བརྩམས་པ་དང་། ཟླ2པའི་ཚེས21བར་གྲོ་དང་སྐེ་ཚེ། རྒྱ་སྲན་སོགས་མུའུ་ཉིས་སྟོང་བརྒྱད་བརྒྱ་ལྷག་བཏབ།

2024ལོར་མཚོ་སྔོན་གྱིས་སྔ་མོ་ནས་དཔྱིད་འདེབས་གྲ་སྒྲིག་བྱ་བའི་བྱེད་ཐབས་ལ་འཆར་འགོད་བྱས་ནས་ཞིང་ལས་རྒྱུ་ཆ་མཁོ་འདོན་འདང་ངེས་ཡོང་བར་ཁག་ཐེག་བྱས་པ་དང་དཔྱིད་འདེབས་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ། ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་སྒྲིག་གཞིས་འབྲུ་རིགས་བརྟན་འཇགས་དང་སྣུམ་རྒྱ་བསྐྱེད་པ། སྔོ་ཚལ་འཕར་སྣོན་གྱི་རྣམ་པས་འབྲུ་སྣུམ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་དྲུག་བརྒྱ་རེ་བདུན་གྱི་ཡན་དུ་སྲུང་འཛིན་བྱས་ནས་ཞིང་ལས་དམ་འཛིན་གྱི་རང་འགུལ་རང་བཞིན་ལྡབ་འགྱུར་གྱིས་འཕར་བར་བྱས།

སྔོན་དཔག་བྱས་ན་ད་ལོར་ཞིང་ཆེན་ཡོངས་ཀྱིས་ལུད་རྫས་ཏུན་བཅུ་བཞི་ལྷག་བཀོལ་སྤྱོད་བྱེད་ངེས་ལ། ཟླ2པའི་ཚེས21ཉིན་བར་ལུད་རྫས་རིགས་སྣ་ཚོགས་ཏུན་བཅུ་གཉིས་ལྷག་སྐྱེལ་གཏོང་བྱས་པ་དང་། ཞིང་སྨན་ཏུན་བཞི་བརྒྱ་ལྷག་ཉོ་བསྡུ་བྱས་ནས་ཞིང་ལས་རྒྱུ་ཆའི་གྲ་སྒྲིག་ལ་འགན་སྲུང་ཡོད་པར་བྱས། ཞིང་ལས་སོན་བཟང་རིགས་སྣ་ཚོགས་སྤྱི་རྒྱ་སུམ་སྟོང་དགུ་བརྒྱ་བདུན་ཅུ་ལྷག་ཉར་གསོག་བྱས་ནས་དཔྱིད་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་བསྐངས། དེའི་ཁྲོད། མཚོ་ཤར་གནོད་ཁུལ་གྱི་ཞིང་བས་རང་བདག་བརྗེ་རེས་བྱས་པའི་རྨང་གཞིའི་སྟེང་སྐྱེལ་གཏོང་དང་ཁེ་ལས་རོགས་སྐྱོར། རོགས་སྐྱོབ་ས་བོན་སྟེར་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འདེབས་འཛུགས་ས་བོན་སྣ་ཚོགས་གྲ་སྒྲིག་ཚགས་སུ་ཆུད་པར་བྱས།

དེ་དང་མཉམ་དུ། ཞིང་ལས་ཞིང་སྡེ་སྡེ་ཁག་གིས་དགུན་དུས་ཀྱི་གསོ་སྦྱོང་བྱ་བ་དང་རོང་འབྲོག་ལས་ཀྱི་ལག་རྩལ་ཁྲིད་སྟོན་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རིགས་སོ་སོའི་རོང་འབྲོག་མང་ཚོགས་མི་ཐེངས་བདུན་སྟོང་སུམ་བརྒྱ་གོ་ལྔ་གསོ་སྦྱོང་བྱས་པ་དང་། དཔྱིད་འདེབས་ཐོན་སྐྱེད་དང་རོང་འབྲོག་ལས་ཀྱི་ཡོང་འབབ་འཕར་སྣོན་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས།

མི་ཕམ་མགོན་པོས་བསྒྱུར།