མཚོ་སྔོན་མེ་འགོག་མེ་གསོད་རུ་ཁག་གིས་རྒྱ་ལོ་བཅོ་ལྔའི་སྐབས་ཀྱི་མེ་འགོག་བདེ་འཇགས་དོགས་ཟོན་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས།
2024.02.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

བསྟུད་མར་ཉིན་འགའི་རིང་།  ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་རྒྱ་ལོ་བཅོ་ལྔའི་སྐབས་གློག་སྒྲོན་བསྒྲོན་པ་དང་། ཚོགས་མཆོད་ལ་མཇལ་བ་སོགས་བྱེད་སྒོ་བསྟུད་མར་སྤེལ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ངང་དུས་ཆེན་རོལ་བར་ཁག་ཐེག་དང། མེ་སྐྱོན་འབྱུང་བར་སྔོན་འགོག་ནུས་ལྡན་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་འགོག་མེ་གསོད་མྱུར་སྐྱོབ་རུ་ཁག་གིས་སྔོན་ལ་ཚབ་ཞུགས་དང་། སྔོན་ལ་བཀོད་སྒྲིག རྩ་འཛུགས་ཞིབ་ཚགས། ཚོད་འཛིན་ནན་འགོག འགན་འཁྲི་ཁ་གསལ། བྱེད་ཐབས་ཇེ་དྲག་བཅས་བྱས་པ་དང་། དུས་ཆེན་སྐབས་ཀྱི་མི་མངོན་པའི་ཉེན་ཁ་སེལ་བ་དང་། ཉེན་ཁ་འགོག་པ། བདེ་འཇགས་སྲུང་བ། བརྟན་འཇགས་སྐྱོང་བ་བཅས་ཀྱི་བྱ་བ་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ། ཁུལ་ཁོངས་ཀྱི་མེ་སྐྱོན་གནས་བབ་རྒྱུན་མཐུད་བརྟན་འཇགས་ཡོང་བར་ཁག་ཐེག་བྱས།

ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་མྱུར་སྐྱོབ་རུ་ཁག་གིས་ལས་རེས་གྲ་སྒྲིག་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་པ་དང་།  དུས་ཆེན་སྐབས་གློ་བུར་བའི་ཉེན་ཁའི་གནས་ཚུལ་འབྱུང་བར་མངགས་གཏོང་བྱེད་པའི་རིམ་པ་ཇེ་མཐོར་གཏོང་བ། མེ་འགོག་ས་ཚུགས་ཆུང་སའི་མི་སྣ་ཚང་མ་དུས་ཆེན་གྱི་བདེ་འཇགས་དོགས་ཟོན་ལ་ཞུགས་པར་མ་ཟད་རིམ་པ་སོ་སོའི་བཀོད་འདོམས་ལྟེ་གནས་སུ་བཅུག་ནས་གཅིག་གྱུར་སྒོས་བཀོད་གཏོང་བཀོད་འདོམས་བྱས།  རྒྱ་ལོ་བཅོ་ལྔའི་ཉིན་ལ།  ཞིང་ཆེན་ཡོངས་ཀྱིས་རླངས་འཁོར་རེ་གཉིས་དང་མི་སྣ་སུམ་བརྒྱ་དང་བརྒྱད་མངགས་ནས་མེ་འགོག་བདེ་འཇགས་དོགས་ཟོན་བྱ་བར་ཞུགས་པ་དང་།  འགན་སྒྲུབ་མེ་འགོག་མེ་གསོད་ཚན་ཆུང་དང་། མེ་འགོག་སྐོར་ཞིབ་ཚན་ཆུང་། མཁོ་སྒྲུབ་འགན་ལེན་ཚན་ཆུང་དང་འཕྲིན་གཏོང་འགན་ལེན་ཚན་ཆུང་བཅས་བཙུགས། བསྡོམས་པས་གཏན་འཁེལ་གྱི་འགན་སྒྲུབ་ས་ཚུགས་ཞེ་དྲུག་བཙུགས་ཤིང་། མེ་གསོད་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་། རེས་མོས་འགན་སྒྲུབ་བྱེད་པའི་རྣམ་པ་སྤྱད་དེ། མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྤེལ་ཡུལ་དང་། བདེ་འཇགས་མིན་པའི་ཁུལ་ཁོངས་སུ་ནན་སྲུང་ནན་སྐྱོང་བྱས་ལ། ས་གནས་གཅིག་ལ་མེ་སྐྱོན་བྱུང་ན་ས་གནས་མང་བོ་མཉམ་འགུལ་གྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་མེ་གསོད་པའི་རྩ་དོན་ལྟར། མེ་སྐྱོན་བྱུང་ན་དུས་ཐོག་ཏུ་ནུས་ལྡན་ཐག་གཅོད་བྱེད་ཐུབ་པར་ཁག་ཐེག་བྱས། བྱེད་སྒོ་མཇུག་བསྒྲིལ་རྗེས།  འགན་སྒྲུབ་མི་སྣས་ཤོག་སྦག་འགད་སའི་ཁུལ་ཁོངས་སུ་གྲལ་བཤེར་ཞིབ་མོ་བྱས་པ་དང་། དུས་ཐོག་ཏུ་མེ་སྟག་དང་མེ་རྟ་སོགས་མེད་པར་བཟོས་ཏེ། ཤོག་སྦག་འགད་སའི་ཁུལ་ཁོངས་སུ་མེ་སྐྱོན་མི་འབྱུང་བར་ཁག་ཐེག་བྱས་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་དགའི་ངང་དུས་ཆེན་རོལ་བར་འཆམ་མཐུན་བརྟན་འཇགས་ཀྱི་དུས་ཆེན་གྱི་སྣང་ཚུལ་ཞིག་བསྐྲུན།

ལྷ་མོ་འཚོས་བསྒྱུར།