མདོ་ལ་རྫོང་གིས་ཐོན་ལས་མཉམ་སྲེས་འཕེལ་རྒྱས་ཐད་སྐུལ་འདེད་ཤུགས་ཆེན་བཏང་།
2024.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རྫོང་གིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དཔེ་སྟོན་རྫོང་བསྐྲུན་རྒྱུར་གཞི་བཅོལ་བ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་གཙོར་འཛིན་པ། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་བརྟན་འཇགས་ཡོང་བ་མངོན་འགྱུར་བྱེད་པ་དམིགས་འབེན་དུ་བྱས་ཏེ། ཐོན་ལས་བཀོད་པ་ལུགས་མཐུན་ངང་ལེགས་སྒྱུར་བྱས་ཤིང་། འདེབས་གསོའི་སྒྲིག་གཞི་ཚན་རིག་ལྟར་ལེགས་སྒྲིག་བྱས་ལ། ཤུགས་ཆེན་པོས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས་ནས། མཉམ་སྲེས་འཕེལ་རྒྱས་འགྲོ་བའི་ཐོན་ལས་རྒྱུགས་ལན་འབད་པས་སྤྲད།

2023ལོར། མདོ་ལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གསུམ་སྡེབ་སྒྲིག་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་རྣམ་གྲངས43ལག་བསྟར་བྱས་ཤིང་། ལོ་ཏོག་གཙོ་བོའི་ལྷད་མེད་སྤུས་མཐོ་ཕན་མཐོའི་དཔེ་སྟོན་ཁུལ་སྤྱི་ཆིང2600བསྐྲུན་པ་དང་། མུའུ་སྟོང་གི་ནས་དཔེ་སྟོན་རྟེན་གཞི་གཅིག་དང་། འབྲུ་རིགས་ཐོན་ཚད་ཏུན་སྟོང་བཞི་དྲུག་བརྒྱ་ཡན་སྲུང་འཛིན་བྱས་ཡོད། མདོ་ལ་རྫོང་གིས་ཁྲི་སྟོང་རིམ་པའི་བོད་ལུག་དང་ནོར་གནག་ཚད་ལྡན་ཅན་ཐོན་སྐྱེད་གསོ་འཕེལ་རྟེན་གཞི་བཅུ་འཛུགས་གྲུབ་བཀོལ་སྤྱོད་བྱས་པར་མ་ཟད།  མདོ་ལའི་བོད་ལུག་དང་། མདོ་ལའི་ནོར་གནག་དེ་རྒྱལ་ཁབ་རྒྱུན་འཛིན་ཐོན་ཁུངས་ཀྱི་མིང་ཐོའི་ནང་འཇོག་པར་རེ་ཞུ་བྱས་ཤིང་། མདོ་ལའི་བོད་ལུག་མཚེས་མ་དང་། མདོ་ལའི་རྭ་མེད་བོད་ལུག་གི་རྒྱུན་འཛིན་ཐོན་ཁུངས་གསོ་སྐྱོང་བྱས་པ་དང་། རྒྱུད་བཟང་ཕྱུགས་ཟོག་གི་ཚད་བརྒྱ་ཆའི་གོ་བརྒྱད་ལ་སླེབས་པར་བྱས་ཤིང་། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བདུན་ལ་དངོས་དཔང་སྤྲད། མདོ་ལ་རྫོང་གིས་ཁེ་ལས་དོན་དགུ་ཡི་འགག་རྩ་དང་དཀའ་གནད་རེ་བདུན་སེལ་བ་དང་། ཆེད་དོན་མ་དངུལ་སྒོར་ས་ཡ་བདུན་འབུམ་ལྔ་ཁྲི་གཉིས་དང་། དངུལ་བུན་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་མཐུན་སྦྱོར་དངོས་འབེབས་བྱས་ཤིང་། དཔྱ་ཁྲལ་སྒོར་བྱེ་བ་ལྔ་ས་ཡ་དགུ་འབུམ་དགུ་ཁྲི་གཉིས་ཇེ་ཡང་དུ་བཏང་། མདོ་ལ་རྫོང་གློག་རྡུལ་ཚོང་ལས་དངོས་རྒྱུག་མཛོད་ཁང་རིགས་བགར་སྡེབ་སྐྱེལ་ལྟེ་གནས་འཛུགས་གྲུབ་བེད་སྤྱོད་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་ཕྱིར་གཏོང་བྱེད་པའི་ཉོ་ཚོང་མ་དངུལ་སྒོར་བྱེ་བ་དྲུག་ལ་སླེབས། དུས་ཆེན་སྐབས་སུ་མཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་སྤེལ་ནས་སྤྱི་ཚོགས་འཛད་སྤྱོད་སྒོར་ས་ཡ་གཉིས་འབུམ་བརྒྱད་ཁྲི་དྲུག་སྐུལ་འདེད་བཏང་།

དུས་མཉམ་དུ། མདོ་ལ་རྫོང་ཨ་མྱེས་སྟོང་སོAལྔ་རིམ་པའི་ལྗོངས་ཁུལ་དང་མདོ་ལའི་ཤྭ་རAགསུམ་རིམ་པའི་ལྗོངས་ཁུལ་གྱི་ཞིང་ཆེན་རིམ་པའི་བསྐྱར་ཞིབ་ལས་དོན་བདེ་ལེགས་ངང་འགྲུབ་པ་དང་། ར་དོང་ལྗོངས་ཁུལ་མྱུར་དུ་བསྐྲུན་པ་དང་། མཁར་དམར་གནའ་མཁརAགསུམ་རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས། དམར་དམག་ཞིབ་འཇུག་རྟེན་གཞི་འཛུགས་གྲུབ་སྒོ་འབྱེད་བྱས་ཤིང་། རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་གཅིག་རེ་ཞུ་བྱས་པ་དང་། ཞིང་ཆེན་རིམ་པའི་རང་སྐོར་རླངས་འཁོར་སྒར་ས་གསུམ་བསྐྲུན་པར་མ་ཟད། མདོ་ལ་རི་བོའི་མཚར་སྡུག་དེ་མདོ་ལའི་གསེར་འོད་ལམ་ལམ་གྱི་མིང་བྱང་དུ་གྱུར།  སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་དང་། རྐང་ཐང་འགྲན་སྡུར། ཕྱི་སྡོད་སྒར་ས་སོགས་མུ་འབྲེལ་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་ཏེ། ཡུལ་སྐོར་རྣམ་པའི་མངོན་སྟངས་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་ནས། ཞིང་ཁའི་སྐྱིད་སྣང་དང་། རྩྭ་ཐང་གི་སྒར་ས་སོགས་སོས་དལ་གྱི་སྤྲོ་སྐྱིད་རྣམ་གྲངས་དང་། ཁུལ་ཁོངས་ཧྲིལ་བོའི་ཡུལ་སྐོར་སྤུས་ལེགས་རིག་དངོས་ཐོན་རྫས་རིགས་སྣ་བཅུ་གསུམ་དང་ནང་གསེས་གྱ་བདུན་གྲུབ་པར་བྱས། 2023ལོར་ཡུལ་སྐོར་སྐུ་མགྲོན་མི་ཐེངས་ས་ཡ་གཅིག་འབུམ་དགུ་སྟོང་དྲུག་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཕྱོགས་སྡུས་ཡོང་འབབ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཉིས་མངོན་འགྱུར་བྱུང་བ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།